རྟོལ་ཕྲུག་ཚེ་ཐར་གྱི་ལས་འགུལ།

དེ་ཡང་ང་ཚོ་རླུང་འཕྲིན་ཁང་ལ་བོད་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ལྟར་ན། ཉེ་བའི་ཟླ་༦པ་ནས་ཨ་མདོ་ཀན་ལྷོ་ཕྱོགས་ཀྱི་གཞན་ཕན་ཀུན་སྣང་ཚོགས་པས་ད་ལོའི་ཚེ་སྲོག་སྲུང་སྐྱོབ་ཀྱི་ལས་འགུལ་གསུམ་པ་དེ་ཨ་མདོ་ཀན་ལྷོ་ཕྱོགས་ཀྱི་ཀླུ་ཆུ་དང་། ཅོ་ནེ། འབོ་ར་ཨ་མཆོག སྒྱིས་ཚང་དམེ་ཤུལ། རྒྱ་མོ་དགོན་སོགས་སུ་སྤེལ་སྐབས་ས་གནས་བོད་མི་ཚོས་དོ་སྣང་ཆེན་པོས་ལས་འགུལ་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་དང་། ཕྱོགས་མཐའི་ཡུལ་ཕྱོགས་སོ་སོ་ནས་བོད་མི་ཚོས་རྟོལ་ཕྲུག་ཚེ་ཐར་བསྡོམས་པས་གྲངས་ཉིས་སྟོང་བརྒྱ་ལྷག་ལས་འགུལ་སྤེལ་ཡུལ་ཨ་མཆོག་ལ་འབྱོར་འདུག
དེའི་ཐད་གཞན་ཕན་ཀུན་སྣང་ཚོགས་པའི་འབྲེལ་ཡོད་མི་སྣ་ལ་བཀའ་འདྲི་ཞུས་སྐབས་རྟོལ་ཕྲུག་ཚེ་ཐར་གྱི་ལས་འགུལ་འདི་ནི། ཀན་ལྷོ་བསང་ཆུ་ཨ་མཆོག་ཕྱོགས་ནས་ཡིན་པའི་དགེ་འདུན་པ་ཨ་ཉི་སྐལ་བཀྲ་ལགས་ཀྱིས་འགོ་བཙུགས་པ་དང་། དེ་ཡང་བོད་ཀྱི་ཡུལ་ཤུལ་ས་འགུལ་གྱི་དོན་རྐྱེན་ཁྲོད་སྤུན་ཟླ་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་རྗེས་སུ་སྲོག་སྐྱོབ་ཚེ་ཐར་གྱི་ལས་འགུལ་འགོ་བརྩམས་ནས་ད་བར་ལས་འགུལ་ཆེ་བ་ཐེངས་བཞི་ཙམ་སྤེལ་ཡོད་པ་དང་། ལས་འགུལ་དེ་དག་གི་བརྒྱུད་སྔ་ཕྱིར་བསྡོམས་པས་རྟོལ་ཕྲུག་༡༥༠༠༠ཙམ་ཚེ་ཐར་ལ་བཏང་ཟིན་ཡོད་པ་རེད། སྤྱིར་བོད་ནང་དུ་ཉེ་བའི་ནང་། མཛོ་མོའི་འོ་མའི་ཆེད་དང་། རྟོལ་ཕྲུག་གཉེར་ཚགས་དཀའ་བའི་ཆེད་རྟོལ་ཕྲུག་སྐྱེས་པ་དང་གསོད་པའམ། ཡང་ན་སྐྱེས་པའི་རྗེས་བསད་ནས་ཟ་བ་དང་། གཞན་ལ་བཙོངས་པ་སོགས་ཀྱི་གནས་སྟངས་ལོ་རེར་ཕྱུགས་རིགས་གཞན་ལས་མང་བ་ཁྱབ་ཆེ་བ་ཡོད་པ་རེད།
རྟོལ་ཕྲུག་ནི། མཛོ་མོ་དང་གཡག་འདུས་པ་ལས་སྐྱེས་པའི་ཕྱུགས་རིགས་ཡིན་པ་རེད།།

གསར་འགོད་པ་ཀླུ་འབུམ།