རྒྱ་གཞུང་གི་གནོན་ཤུགས་འོག་སྦང་ལ་རྡེ་ཤི་ནང་གོ་སྒྲིག་བྱས་པའི་བོད་ཀྱི་དཔར་རིས་འགྲེམས་སྟོན་ཞིག་སྟོན་མི་ཆོག་པའི་བཙན་བཀའ་བཏང་བ།
༄༅༎རྒྱ་ནག་གཞུང་གིས་གནོན་ཤུགས་འོག་སྦང་ལ་རྡེ་ཤིའི་གཞུང་གིས་ཡུལ་དེའི་རྒྱལ་ས་ཌ་ཀའི་ནང་གོ་སྒྲིག་བྱས་པའི་བོད་ཀྱི་དཔར་རིས་འགྲེམས་སྟོན་ཞིག་སྟོན་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག
དེ་ཡང་སྦང་ལ་རྡེ་ཤིའི་རྒྱལ་ས་ཌ་ཀའི་ནང་ཡོད་པའི་ཌི་རིཀ་དཔར་རིས་འགྲེམས་སྟོན་ཁང་དང་ཡུལ་དེའི་ནང་ཡོད་པའི་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཐུན་མོང་གི་ཐོག་ནས་གོ་སྒྲིག་འོག་ཌི་རིཀ་དཔར་རིས་འགྲེམས་སྟོན་ཁང་དེའི་ནང་སྐྱབས་བཅོལ་དུ་ཡོད་པའི་བོད་མི་ཚོའི་གནས་སྟངས་སྐོར་དཔར་གྱི་འགྲེམས་སྟོན་ཞིག་གོ་སྒྲིག་གིས་འགྲེམས་སྟོན་དེ་འདི་ཚེས་གཅིག་ཉིན་འགོ་འཛུགས་གནང་རྒྱུ་བྱས་ཡོད་འདུག་ཀྱང་ཕྱི་ཟླ་བཅུ་པའི་ཚེས་སུམ་ཅུ་སོ་གཅིག་ཉིན་སྦང་ལ་རྡེ་ཤིའི་ཉེན་རྟོག་པ་འགྲེམས་སྟོན་ཁང་དེར་འབྱོར་ཏེ་དཔར་གྱི་འགྲེམས་སྟོན་དེ་ཕྱིར་འཐེན་བྱེད་དགོས་སྐོར་བཤད་པར་འགྲེམས་སྟོན་གོ་སྒྲིག་གནང་མཁན་ཚོས་ཉན་འཇོགས་མ་བྱས་པར་བརྟེན་འདི་ཚེས་གཅིག་ཉིན་འགྲེམས་སྟོན་སྒོ་དབྱེ་འབྱེད་པའི་དུས་སུ་སླེབས་སྐབས་ཉེན་རྟོག་པས་འགྲེམས་སྟོན་ཁང་ལ་སྒོ་འཐེལ་བརྒྱབ་ཏེ་བོད་མི་སྐྱབས་བཅོལ་བའི་གནས་སྟངས་སྐོར་གྱི་དཔར་གྱི་འགྲེམས་སྟོན་དེ་བསྟེན་མི་ཆོག་པ་བཟོས་ཡོད་འདུག་པར་བརྟེན་གོ་སྒྲིག་གནང་མཁན་ཚོས་དཔར་དེ་དག་འགྲེམས་སྟོན་ཁང་གི་མདུན་དུ་ལམ་གཞུང་ཐོག་འགྲེམས་བཤོམས་བྱས་ཡོད་འདུག
དོན་རྐྱེན་འདིའི་སྐོར་ཕེ་རན་སི་གསར་འགྱུར་ལས་འགྱུར་ཁང་གིས་སྦང་ལ་རྡེ་ཤིའི་ཕྱི་སྲིད་ལྷན་ཁང་ལ་དྲི་རྩད་བྱས་པར་ལྷན་ཁང་དེའི་མགྲིན་ཚབ་པ་མོ་ཧ་མརྡ་ཨིམ་རན་གྱིས་སྦང་ལ་རྡེ་ཤིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཆེན་མོས་ཁ་དཔར་ཐོག་ང་ཚོའི་ཕྱི་སྲིད་དྲུང་ཆེར་འགྲེམས་སྟོན་འདིའི་སྐོར་བློ་འཚབ་ཡོད་ལུགས་གསུང་ཙང་གཞུང་ནས་འགྲེམས་སྟོན་དེ་སྟོན་མི་ཆོག་པ་བཟོ་དགོས་པ་བྱུང་བ་རེད་ཅེས་གསུང་འདུག་པ་མ་ཟད་འགྲེམས་སྟོན་གོ་སྒྲིག་གནང་མཁན་སྐུ་ཞབས་ཤ་ཧི་རྡལ་ཨ་ལམ་གྱིས་ཀྱང་དཔར་གྱི་འགྲེམས་སྟོན་དེ་བསྟེན་མ་བཅུག་པ་བཟོ་བའི་འགོག་རྐྱེན་དེ་རྒྱ་ནག་གིས་གནོན་ཤུགས་ལས་བྱུང་བ་གསལ་པོ་ཡིན་པ་ནི་དེའི་སྔོན་དུ་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་འགའ་ཤས་ཁོང་གི་སར་ཡོང་ནས་འགྲེམས་སྟོན་དེ་ཕྱིར་འཐེན་བྱ་དགོས་པའི་རེ་འདུན་སྟོན་བྱུང་ཞེས་གསུང་འདུག
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
ར་ཤི་ཡའི་དད་ལྡན་ཆོས་ཞུ་བར་བཀའ་ཆོས།
༸གོང་ས་མཆོག་གི་རྟ་ལྦང་ཁུལ་གྱི་ཆིབས་བསྒྱུར།
རང་བཙན་བོད་མི་མང་གི་རེ་སྨོན༨པ།
རྩོམ་པ་པོ་ལྦང་ལི་ཞུང་གི་དཔྱད་གཏམ།
རྒྱ་ནག་ཉེན་རྟོག་པས་བཀྲིས་དོན་གྲུབ་འཚོལ་བཞིན་པ།
ཤེས་ཡོན་སྲིད་བྱུས་གསར་པ་གཏན་འབེབས་གནང་བ།
ཐའེ་ལྦན་གྱིས་མཚོ་གླིང་གི་བདག་དབང་རྩོད་ལེན་མི་བྱེད་རྒྱུ།
ཨ་རིའི་སྙན་ཐོར་རྒྱ་ནག་གིས་མི་འདོད་པའི་སྐྱོན་བརྗོད།