ལྷོ་ཨ་ཕེ་རི་ཀའི་ནང་སྐུའི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་ཞུས་འདུག

2009-07-03

ལྷོ་ཨ་ཕེ་རི་ཀའི་ནང་བཅའ་བཞུགས་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གིས་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོ་གོ་སྒྲིག་གནང་འདུག

༄༅༎ཁ་ས་ལྷོ་ཨ་ཕེ་རི་ཀའི་གྲོང་ཁྱེར་པེ་རེ་ཊོ་རི་ཡ་ནང་བཅའ་བཞུགས་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༤ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་མཆོག་གིས་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་མང་ཚོགས་ལ་གསུངས་བཤད་གནང་འདུག

ལྷོ་ཨ་ཕེ་རི་ཀའི་བོད་གཞུང་སྐུ་ཚབ་དོན་གཅོད་བསོད་ནམས་བསྟན་འཛིན་ལགས་ཀྱིས་བོད་ཀྱི་དབུ་འཁྲིད་བླ་བ་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དེ་ནི་བོད་མི་མང་ཡོངས་རྫོགས་ཀྱིས་ཉིན་མོ་སྐྱིད་ཤོས་ཤིག་ཏུ་རྩིས་ཀྱི་ཡོད་ན་ཡང་བོད་ནང་ད་ལྟ་ཡང་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡོད་པ་དང་བོད་མི་གནས་སྡོད་རྫོངས་ཁག་ནང་རྒྱ་མིའི་དམག་མི་འབོར་ཆེན་བཀོད་དོམ་བྱས་པ་ཚོས་བོད་མིའི་ཁྱིམ་ཚང་ནང་གློ་བུར་ཐོག་འགེབས་བྱས་ཏེ་ཞི་རྒོལ་ཆེན་མོའི་ནང་བཞུགས་མཁན་ཡིན་པ་དོགས་གཞི་ཡོད་པའི་མི་སྐྱ་དང་གྲ་བཙུན་རྣམས་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་དེ་བཞིན་ཡ་ང་སྙིང་རྗེ་རྩ་བ་ནས་མེད་པར་རྡུང་རྡེག་དང་སྡུག་སྦྱོང་མནར་གཅོད་ཚོད་མེད་གཏོང་མུས་ཡིན་པས་བོད་མི་རྣསམ་དུས་རྟག་ཏུ་ཞེ་སྣང་དངངས་སྐྲག་འོག་མུ་མཐུད་ནས་གནས་དགོས་ཀྱི་ཡོད་ན་ཡང་ད་དུང་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་མི་རྣམས་དགའ་པོ་སྐྱིད་པོ་ཡོད་ཚུལ་ཨུ་ཚུགས་རྒྱབ་ནས་བཤད་དེ་བོད་ནང་དཀའ་རྙོག་ཡོད་སྐོར་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་སྐོར་མང་ཚོགས་ལ་གསུངས་འདུག ཡང་ཁོང་གིས་བོད་པའི་ཆབ་སྲིད་བཙོན་པ་རྣམས་ཀྱི་སྐུ་ཚབ་གནང་སྟེ་ཁྲིམས་གཏུགས་བྱེད་མཁན་རྒྱ་མིའི་ཁྲིམས་རྩོད་པ་ཚོ་ཡང་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་སྐོར་གསུངས་འདུག མཐའ་དོན་དུ་བོད་གཞུང་སྐུ་ཚབ་དོན་གཅོད་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟེན་པའི་སྨོན་འདུན་གནང་བ་མ་ཟད་བོད་མི་མང་སྤྱི་དང་ལྷག་དོན་དུ་རྒྱ་མིའི་དྲག་གནོན་འོག་གདུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བོད་མི་རྣམས་ཀྱིས་སྡུག་བསྔལ་མགྱོགས་མྱུར་མཚམས་འཇོག་ཡོང་བའི་སྨོན་ལམ་ཡང་སྐྱོན་འདུག བོད་གཞུང་སྐུ་ཚབ་དོན་གཅོད་བསོད་ནམས་བསྟན་འཛིན་ལགས་ཀྱིས་བོད་ནང་གི་གནས་སྟངས་ཛ་དྲག་ཆེན་པ་ཡོད་པའི་བཀའ་སློབ་གནང་མིན་ལ་མ་ལྟོས་པར་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་སྣེ་ལེན་མཛད་སྒོ་ཐོག་མཛའ་གྲོགས་རྣམ་པས་འཁེངས་པ་དང་སྐུ་མགྲོན་ཁོངས་སུ་རྒྱ་མི་དང་ལྷོ་ཨ་ཕེ་རི་ཀའི་ཕྱི་སྲིད་ལས་ཁང་གི་མི་སྣ།ཚོང་པ་ཁག།གསར་འགོད་པ་གཙོས་པའི་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐུགས་སྣང་གནང་མཁན་མང་པོ་ཆེད་བཅར་ཞུས་ཡོད་པའི་གནས་ཚུལ་འདུག།

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org