ཨ་རིའི་སྲིད་འཛིན་ཞི་བདེ་རྒྱ་མཚོའི་ལྷན་ཚོགས་ལ་མཉམ་ཞུགས།

ཨ་མི་རི་ཀའི་སྲིད་འཛིན་སྦུཤི་མཆོག་པེ་རུའི་ནང་སྐོངས་འཚོགས་གནང་བའི་ཨེ་ཤི་ཡའི་ཞི་བདེ་རྒྱ་མཚོའི་ལྷན་ཚོགས་ཐོག་མཉམ་བཅར་གནང་ཡོད་པ།

༄༅༎ཨ་མི་རི་ཀའི་སྲིད་འཛིན་སྦུཤི་མཆོག་དེ་རིང་རེས་གཟའ་པ་སངས་ཉིན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་པེ་རུའི་ནང་སྐོངས་འཚོགས་གནང་བའི་ཨེ་ཤི་ཡའི་ཞི་བདེ་རྒྱ་མཚོའི་ལྷན་ཚོགས་ཐོག་མཉམ་བཅར་གནང་ཡོད་པ་རེད།

ལྷན་ཚོགས་དེའི་ཐོག་སྲིད་འཛིན་སྦུཤེ་མཆོག་ནས་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནད་དོན་སྐོར་བཀའ་མོལ་ཤུགས་ཆེ་གནང་རྒྱུ་མ་ཟད་ལྷན་ཚོགས་དེའི་བརྒྱུད་རིམ་ནས་རྒྱ་ནག་དང་ཉི་ཧོང༌།ར་ཤི་ཡ།ལྷོ་ཀོ་རི་ཡ་དང་པེ་རུ་བཅས་ཀྱི་དབུ་ཁྲིད་རྣམས་པ་དང་མཇལ་འཕྲད་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད། ལྷག་པར་དུ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་དང་མཇལ་འཕྲད་གནང་བའི་སྐབས་ཨི་རན་དང་སུ་ཌའན།འབར་མ་དེ་བཞིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐོག་བཀའ་གྲོས་གནང་རྒྱུ་ཡིན་པ་རེད་ལ་དེ་བཞིན་རྒྱུན་ལྡན་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབཐང་དང་ཆོས་དད་རང་དབང་།ད་ལྟ་འགྲོ་བཞིན་པའི་བོད་རྒྱ་འབྲེལ་མོལ་སོགས་ཀྱི་གནད་དོན་སྐོར་བཀའ་གྲོས་གནང་རྒྱུ་ཡིན་པ་རེད་ཅེས་ཨ་རིའི་སྲིད་འཛིན་ལས་ཁང་གི་མགྲིན་ཚབ་པས་ཁ་ས་གསར་འགོད་གསལ་བསྒྲགས་གནང་འདུག ཡང་གསར་འགོད་པས་དེང་སྐབས་བོད་རྒྱ་ཞི་མོལ་གྱི་གནད་དོན་ཐད་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྐུ་ངལ་ཆེན་པོ་འཕྲད་བཞིན་པའི་སྐབས་དེར་སྲིད་འཛིན་སྦུཤེ་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ལ་བོད་རྒྱའི་གནད་དོན་སྐོར་བཀའ་མོལ་ཇི་འདྲ་གནང་གི་རེད་དམ་ཞེས་བཅའ་འདྲི་གནང་སྐབས་སྲིད་འཛིན་ཕོ་བྲང་གི་མགྲིན་ཚབ་པས་ངའི་བསམ་པར་སྲིད་འཛིན་སྦུཤེ་མཆོག་ནས་གནད་དོན་དེའི་སྐོར་རྒྱ་ནག་གཞུང་དང་ཡང་ཡང་བཀའ་མོལ་གནང་གི་ཡོད་པ་ལྟར་ད་རེས་ཡང་བཀའ་གྲོས་གནང་གི་རེད། གང་ལགས་ཞེ་ན་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཞི་བདེའི་བདེ་དཔོན་ཞིག་ཡིན་པ་དང་ཁོང་གིས་རང་སྲིད་རང་སྐྱོང་མ་གཏོགས་བོད་རང་བཙན་རྩོད་ལེན་གནང་གི་མེད་པ་རེད། དེར་བརྟེན་སྲིད་འཛིན་སྦུཤེ་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་མཇལ་བའི་སྐབས་རྒྱ་ནག་གཞུང་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་གྲོས་མོལ་གནང་དགོས་པའི་འབོད་སྐུལ་གནང་གི་རེད་ཅེས་ལན་འདེབས་གནང་འདུག