༄༅༎ཨ་མི་རི་ཀ་དང་ཕྱི་རྒྱལ་ཡུལ་ཁག་ནང་གསུམ་བཅུའི་དུས་དྲན་དེ་རིང་འཁེལ་གྱི་ཡོད་སྟབས། འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་མངའ་ཁུལ་གྱི་བོད་མི་དང༌། གྲོང་ཁྱེར་ནིའུ་ཡོརཀ་ནང་གི་བོད་མི་ཚོས་རང་རང་སོ་སོའི་ས་གནས་སུ་ཁྲོམ་སྐོར་དང་མར་མེ་མཆོད་འབུལ་། དེ་བཞིན་རྒྱ་མིའི་གཞུང་ཚབ་ཁང་མདུན་ངོ་རྒོལ་གནང་རྒྱུ་ཡིན་པ་རེད།
རྒྱལ་ས་ལྦ་ཤིང་ཀྲོན་ཉེ་འཁྲིས་ཤའར་ལེཏི་སི་ལྦིལ་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་དེ་རིང་སྔ་དྲོ་ཆུ་ཚོད་༡༠པའི་ཐོག་རྒྱལ་ས་ལྦ་ཤིང་ཀྲོན་ནང་གི་རྒྱ་ནག་གཞུང་ཚབ་ཁང་རྙིང་པའི་མདུན་ངོ་རྒོལ་གནང་རྒྱུ་དང་།དེ་རྗེས་ཁུལ་འདིའི་ནང་གི་རྒྱ་མིའི་གཞུང་ཚབ་ཁག་གསར་པའི་བར་གོམ་བགྲོས་གནང་རྒྱུ་ཡིན་པ་དང༌། དེ་ནས་རིམ་བཞིན་ཉིན་རྒྱབ་ཆུ་ཚོད་༤དང་ཕྱེད་ཀ་ནས་བཟུང་རྒྱ་ནག་གཞུང་ཚབ་ཁང་གསར་པའི་མདུན་ རྒྱལ་ས་ལྦ་ཤིང་ཀྲོན་ས་གནས་བོད་རིགས་མཐུན་ཚོགས་དང་ས་གནས་གཞོན་ནུ་ཚོགས་བཅས་ཟུང་འབྲེལ་གི་ཐོག་ནས་ གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་ཕྱིར་མར་མེའི་ཁྲོམས་སྐོར་གནང་ཡག་རེད་འདུག།
དེ་བཞིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོརཀ་དུ་ནིའུ་ཡོརཀ་དང་ནིའུ་ཇར་སི་ས་གནས་བོད་རིགས་མཐུན་ཚོགས་དང༌། བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་གཞོན་ནུ་དང་བུད་མེད། ཨ་བོད་མཐུན་ཚོགས་བཅས་ཀྱི་གོ་སྒྲིག་འོག། གྲོང་ཁྱེར་ནིའུ་ཡོརཀ་ནང་གི་སྦུ་རུཀ་ལིན་ས་གནས་ཁེམ་ཌེན་པ་ཀ་ཁང་ཆེན་གྱི་མདུན་ནས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་དེ་ནས་རྒྱ་མིའི་གཞུང་ཚབ་ཡན་ལག་ལས་ཁུངས་བཅས་བརྒྱུད་ངོ་རྒོལ་སྐད་འབོད་གཞི་རྒྱ་ཆེན་པོ་ཞིག་གནང་རྒྱུའི་གསལ་བསྒྲགས་གནང་བཞག།
