༄༅༎རྒྱ་ནག་གི་ཁྲིམས་རྩོད་པ་ལོང་བ་ཡིན་པ་ཁྲེན་ཀུང་ཁྲེང་ཨ་མི་རི་ཀར་འབྱོར་བའི་གནད་དོན་ཐད་བོད་མིའི་ཁྲོད་བསམ་ཚུལ་མི་འདྲ་བ་སྣ་ཚོགས་བྱུང་བཞིན་ཡོད་པ་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་བྱས་འདུག།
ཁྲེན་ཀུང་ཁྲེང་དང་ཁོང་གི་བཟའ་ཟླ་ ཕྲུ་གུ་གཉིས་བཅས་གཟའ་སྤེན་པའི་ཉིན་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་འབྱོར་བ་དེ་ནི་ ཁོང་རྣམ་པའི་བདེ་འཇགས་ཀྱི་གནས་བབས་ཐོག་ནས་ཕན་ཐོགས་ཡོད་པ་ཞིག་ཡིན་ན་ཡང༌། ལས་འགུལ་བ་ཞིག་གི་ངོ་བོའི་ཐོག་ནས་ཁོང་རྒྱ་ནག་ཏུ་བཞུགས་ཚེ་ལས་འགུལ་ནུས་པ་ཆེ་བ་ཡོང་རྒྱུ་ཡིན་ལུགས་རྡ་རམ་ས་ལར་བཅའ་ཞུགས་རྩོམ་བྲིས་པ་བུ་ཆུང་ཌཱི་ཚེ་རིང་ལགས་ཀྱིས་གསུངས་འདུག།
ཡང་ཁོང་ནས་རྒྱ་ནག་གཞུང་གིས་ཁྲེན་ཀུང་ཁྲེང་རྒྱ་ནག་ནས་འགྲོ་བསྐྱོད་ཆོག་པའི་ཆོག་མཆན་སྤྲད་པ་དེ་ནི་རྒྱ་ནག་རང་ཉིད་ལ་ཁེ་ཕན་ཆེ་བ་ཡོད་པ་མཐོང་ཡོད་པ་ཡང་གསུངས་འདུག།
ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཞིབ་འཇུག་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་། ཁྲེན་ཀུང་ཁྲེང་ལ་ཕྱི་ཕྱོགས་སུ་འགྲོ་བསྐྱོད་ཆོག་པའི་ཆོག་མཆན་ཐོབ་པ་དེས་ རྒྱ་ནག་གཞུང་ནང་གི་གུ་ཡངས་ཅན་པ་ཚོའི་དབང་ཤུགས་ཀྱི་ནུས་པ་ཆེ་རུ་འགྲོ་བཞིན་ཡོད་པའི་མངོན་རྟགས་ཤིག་ཡིན་སྲིད་པ་གསུངས་པ་དང༌། ཁོང་གིས་ཁྲེན་ཀུང་ཁྲེང་གིས་མུ་འཐུད་རྒྱ་ནག་ནང་གི་གནད་དོན་ཐད་དོན་གཉེར་གནང་རྒྱུ་མ་ཟད། ཁོང་རང་ཉིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་གང་ཡང་གཏོང་གི་མ་རེད་ཅེས་གསུངས་འདུག།
ཡང་དགུ་བཅུ་གསུམ་གྱི་ཚོགས་གཙོ་གཞོན་པ་ཀླུ་མཁར་བྱམས་ལགས་ཀྱིས། ཨ་མི་རི་ཀའི་གཞུང་གིས་ ཁྲེན་ཀུང་ཁྲེང་ཨ་མི་རི་ཀའི་ནང་སློབ་སྦྱོང་ཆེད་ཡོང་རྒྱུར་དགའ་བསུ་ཞུས་པ་དེ་ནི་ལས་འགུལ་བ་གཞན་ཚོར་སེམས་འགུལ་ཆེན་པོ་སྤྲད་ཐུབ་པ་ཞིག་བྱུང་བ་གསུངས་པ་དང༌། འདི་ནི་ཨ་མི་རི་ཀའི་ནང་སྲིད་འཛིན་འོས་བསྡུའི་ལོ་ཡང་ཡིན་པས་ ཐག་གཅོད་དེས་ སྲིད་འཛིན་ཨོ་སྦ་མར་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསུངས་ཏེ་ ཁྲེན་ཀུང་ཁྲེང་ཨ་རིར་ཡོང་ཐུབ་པ་དེ་ནི་མང་གཙོའི་ནུས་པ་མཚོན་པ་ཡང་བརྗོད་འདུག།
