ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོཌ་འཐུས་མིར་རྒྱ་གཞུང་གིས་སྐྱོན་བརྗོད།

2009-07-03

ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མིའི་ཚོགས་ཆུང་ཞིག་གིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་པ།

༄༅༎ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མིའི་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པར་རྒྱ་ནག་གཞུང་གིས་ཁོང་ཁྲོ་ཆེན་པོའི་ཐོག་ནས་སྐྱོན་བརྗོད་ཞུས་འདུག

གྲོས་ཚོགས་གོང་འོག་གཉིས་ཀའི་འཐུས་མི་ལས་གྲུབ་པའི་ཨོ་སོ་ཀྲོ་ལི་ཡའི་སྐུ་ཚབ་ཚོགས་ཆུང་འདི་ལྟ་བུ་ཞིག་གཞུང་འབྲེལ་གྱི་ཐོག་ནས་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་གནང་བ་ནི་ད་རེས་ཐོག་མ་དེ་ཡིན་ཞིང་ཨོ་སོ་ཀྲོ་ལི་ཡའི་རྒྱལ་ས་ཁེན་སྦེ་ར་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་རྒྱ་ནག་གཞུང་གིས་ཁོང་རྣམ་པའི་འཚམས་གཟིགས་འདི་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་ལུགས་བརྗོད་དེ་སྐྱོན་བརྗོད་ཞུས་འདུག

ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་ཕྱི་ཟླ་བདུན་པའི་ཚེས་གཉིས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་གནང་ཡོད་ཅིང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གཞུང་གིས་བོད་ཐོག་སྲོག་ཐོག་གི་ཉེས་ཆད་ལྟ་བུའི་སྲིད་བྱུས་ཤིག་བཟུང་བཞིན་ཡོད་པ་བཀའ་གནང་བར་མ་ཟད་རྒྱ་ནག་མི་དམངས་ལ་ཡང་གཞི་རྩའི་རང་དབང་མེད་པ་བཀའ་གནང་འདུག

སྨྲ་བརྗོད་ཀྱི་རང་དབང་མེད་པ་དང་གསར་འགོད་ཀྱི་རང་དབང་མ་སྤྲད་པར་སོ་སོའི་མི་དམངས་ཆེད་ངག་མུན་ནག་གི་ནང་བཞག་བཞིན་པ་དེ་ནི་བཟང་སྤྱོད་ལས་འགལ་བ་ཞིག་ཡིན་པར་དགོངས་ཀྱི་ཡོད་ཅེས་བཀའ་གནང་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆུ་ཚོད་གཅིག་ལྷག་རིང་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་གནང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་པ་དང་བོད་དོན་ཐད་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞུ་གནང་མཛད་པ་ཆབས་གཅིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་དོན་ཐད་རྒྱབ་སྐྱོར་གནང་པ་དེ་ནི་ངེས་པར་དུ་བོད་པར་ཕྱོགས་ཞེན་ཡོད་པ་མཚོན་པ་ཞིག་མིན་པར་དེ་ནི་བདེན་པ་ལ་རྒྱབ་སྐྱོར་གནང་པ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་ཅེས་བཀའ་གནང་འདུག

ད་རེས་ཀྱི་ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་དབུ་འཁྲིད་ལས་རྩོལ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མའེ་ཁལ་ཌེན་སྦི་མཆོག་གིས་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་འདི་ལོའི་ནང་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་སྐབས་བོད་དུ་ཡང་ཕེབས་འདོད་ཡོད་པ་གསུངས་འདུག

Comments

You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.




གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org