འཛའ་ཐང་འགྱུར་བ་གཏོང་རྒྱུར་རྒྱ་ནག་གིས་ཁས་ལེན་མི་བྱེད་པ།

རྒྱ་ནག་ཕྱོགས་ནས་རྒྱ་ནག་གི་དངུལ་བརྗེས་ཀྱི་རིན་ཐང་ནི་རྒྱལ་སྤྱིའི་ཚོང་ལས་ཆ་མི་སྙོམས་པའི་དཀའ་ངལ་གྱི་བྱུང་རྐྱེན་མ་རེད་ཅེས་དགག་ལན།

༄༅༎ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་ཚོས། རྒྱ་ནག་གཞུང་གིས་དངུལ་བརྗེས་ཀྱི་འཛའ་ཐང་ལ་འཕར་ཆགས་ཀྱི་འགྱུར་བ་མེད་པ་བརྟན་པོར་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་གནང་བ་དེར་དེ་རིང་རྒྱ་ནག་ཕྱོགས་ནས་ངོས་ལེན་མ་བྱས་པའི་ཁར་རྒྱ་ནག་གི་དངུལ་བརྗེས་ཀྱི་རིན་ཐང་ནི། རྒྱལ་སྤྱིའི་ཚོང་ལས་ཆ་མི་སྙོམས་པའི་དཀའ་ངལ་གྱི་བྱུང་རྐྱེན་མ་རེད་ཅེས་དགག་ལན་སྤེལ་ཡོད་པ་རེད།

ད་རེས་གཟའ་མཇུག་ཏུ་རྒྱ་ནག་གི་སྲིད་བློན་ལྦེ་ཅ་བའོ་ཡིས་བཤད་དོན་ལ། རྒྱ་ནག་གཞུང་གིས་རྒྱ་ནག་གི་དངུལ་བརྗེས་ཀྱི་འཛའ་ཐང་གི་སྲིད་ཇུས་ཐོག་ལ་ཕྱིའི་རྒྱལ་ཁབ་ཀྱི་གནོན་ཤུགས་ལ་མགོ་བོ་སྒུར་རྒྱུ་མིན་པ་དང། ཕྱིའི་རྒྱལ་ཁབ་ཚོས་རྒྱ་ནག་གི་ཐོག་ལ་སྐྱོན་འཛུགས་བྱེད་རྒྱུ་མཚམས་འཇོག་བྱ་དགོས་ཟེར་བཤད་ཡོད་པ་རེད།

གནད་དོན་དེ་བྱུང་རིམ་ནི། རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་༡༣༠མཉམ་རུབ་ཀྱི་ཐོག་ནས། ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་ཀྲི་མི་ཐི་གའེ་ཐི་ནར་མཆོག་ལ། ཟླ་བ་རྗེས་མའི་ནང་བཏོན་རྒྱུའི་སྙན་ཐོའི་ནང་དུ་རྒྱ་ནག་གི་དངུལ་བརྗེས་ཀྱི་འཛའ་ཐང་གི་སྲིད་ཇུས་སྐོར་ལ་དམིགས་སུ་བཀར་ཏེ་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། ཁོང་རྣམས་ཀྱིས་ནོར་སྲིད་དྲུང་ཆེ་མཆོག་དང། ཚོང་ལས་དྲུང་ཆེ་གཉིས་ལ་འབོད་སྐུལ་གྱི་ཕྱག་བྲིས་ཞིག་ཀྱང་ཕུལ་བའི་ནང། རྒྱ་ནག་གཞུང་གིས། དངུལ་བརྗེས་ཀྱི་འཛའ་ཐང་རྒྱལ་སྤྱིའི་ཁྲོམ་རའི་འགྲོ་ལུགས་དང་མི་མཐུན་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེ་ཡིས། དངོས་ཟོག་ཕྱིར་ཚོང་གི་ཚོང་ལས་ཐོག་ལ་ཉམ་རྒུད་འགྲོ་བའི་ལྡོག་ཕྱོགས་ཀྱི་ནུས་པ་ཐེབས་ཀྱི་ཡོད་པའི་གནས་ཚུལ་དང། ལྷག་པར་དུ་རྒྱ་ནག་གི་བཟོ་གྲ་ཁག་དང་ཕྱི་རྒྱལ་གྱི་བཟོ་གྲ་ཁག་གི་དངོས་ཟོག་ཕྱིར་ཚོང་ནང་འདྲེན་གྱི་ཚོང་ལས་ཆ་མི་སྙོམས་པའི་དཀའ་ངལ་བཟོ་གི་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་རེད། གཟའ་འཁོར་སྔོན་དེར་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་རྒྱ་ནག་གི་དངུལ་བརྗེས་ཀྱི་འཛའ་ཐང་གི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་གནང་བ་མ་ཟད། རྒྱ་ནག་གི་ཚོང་འབྲེལ་བྱེད་ཡུལ་གཙོ་བོའི་རྒྱལ་ཁབ་་མི་རི་ཀ་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་རྒྱ་ནག་རྒྱལ་ནང་གི་དངོས་ཟོག་ཕྱིར་ཚོང་ལས་དོན་གོང་འཕེལ་གཏོང་ཐབས་སུ་དམིགས་ཏེ། དངུལ་བརྗེས་ཀྱི་འཛའ་ཐང་འཕར་ཆགས་མ་བཏང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཡང་སེ་བྱེད་ཀྱི་ཡོད་པ་རེད།