༄༅༎རྒྱ་ནག་གི་དྲ་རྒྱའི་ལས་དོན་དཔོན་རིགས་ཀྱིས་ཨ་རིའི་གུའུ་གལ་དྲ་རྒྱའི་ལས་ཁང་གིས་རྒྱ་ནག་གི་ཁྲིམས་དང་འགལ་བའི་ལས་ཀ་མུ་མཐུད་བྱས་པ་ཡིན་ན་མཇུག་འབྲས་འགན་འཁུར་དགོས་སྐོར་བསྐྱར་དུ་ཉེན་བརྡ་བཏང་ཡོད་པ་རེད་ ཉེ་སྔོན་ཕྱི་ཟླ་༡ནང་ཨ་རིའི་གུའུ་གལ་དྲ་རྒྱའི་ཁེ་གཉེར་ལས་ཁང་དེས་རྒྱ་ནག་གི་དྲ་རྒྱའི་ཐོག་དམ་བསྒྲགས་ཀྱི་ཁྲིམས་གཞི་དེ་སྲུང་བརྩི་ཞུ་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད་པ་རེད་
རྒྱ་ནག་གིས་དྲ་རྒྱའི་ཐོག་དམ་བསྒྲགས་དང་དྲ་རྒྱའི་ནང་གསང་འཛུལ་བྱས་པའི་གནད་དོན་གྱིས་གུའུ་གལ་དྲ་གནས་ཀྱིས་རྒྱ་ནག་ནང་གི་དྲ་རྒྱའི་ལས་དོན་དེ་མཚམས་འཇོག་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད་ རྒྱ་ནག་གི་བཟོ་ཚོང་དང་གནས་འཕྲིན་འཕྲུལ་རིག་བློན་ཆེན་ལི་ཡི་ཀྲོང་གིས་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཐོག་ང་ཚོས་རྒྱལ་ཁབ་དང་མི་མང་གི་ཁེ་ཕན་སྲུང་སྐྱོབ་བྱེད་དགོས་པ་དང་ང་ཚོའི་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་སྒྲོམ་གཞི་ཁག་དང་གཞོན་སྐྱེས་ཚོའི་འཕྲོད་བསྟེན་ལ་གནོད་པའི་གནས་ཚུལ་གང་བྱུང་གཏོང་རྒྱུར་ལྷོད་ཡང་བཏང་ན་མི་འགྲིག་ཅེས་བརྗོད་འདུག དེ་འདྲ་སོང་ཙང་སྒོ་རྒྱབ་དགོས་པ་དེ་སྒོ་རྒྱབ་དགོས་བཀག་འགོག་བྱེད་དགོས་པ་དེ་བཀག་འགོག་བྱེད་དགོས་ཞེས་གསུང་འདུག ཨ་རིའི་གུའུ་གལ་དྲ་རྒྱའི་ལས་ཁང་གི་རྒྱ་ནག་གི་ལས་དོན་དེ་ཕྱི་ལོ་༢༠༠༦ལོར་འགོ་འཛུགས་གནང་ཡོད་པ་དང་སྐབས་དེར་དྲ་རྒྱའི་ལས་ཁང་དེས་རྒྱ་ནག་གཞུང་གིས་བཏང་འཛིན་ཇི་བྱས་དེར་ཁས་ལེན་ཐོག་ལས་ཀ་བྱས་ཡོད་ཀྱང་འདི་ལོ་ཕྱི་ཟླ་༡ནང་དྲ་རྒྱ་དེའི་ཐོག་གསང་འཛུལ་གྱི་གནས་ཚུལ་བྱུང་སྐབས་ཕྱོགས་ཕན་ཚུན་བར་གྱི་འབྲེལ་བའི་གནོད་ཚབས་བྱུང་བའི་གནས་ཚུལ་ཐོན་ཡོད།
