མི་ལོ་གསུམ་ལ་རྒྱ་ནག་གི་བཙོན་འཇུག་ཉེས་ཆད་ཕོག་པའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་བཙོན་གྲོལ་བཏང་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བར་གཞིགས་ན། རྒྱ་ནག་གིས་བཙོན་འཇུག་བྱས་བའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་སྤྱི་ཟླ་༤ཚེས་༢༧ཉིན་རྒྱ་ནག་ལན་གྲུ་གྲོང་ཁྱེར་གྱི་བཙོན་ཁང་དང་པོ་ནས་བཙོན་གྲོལ་ཐོབ་འདུག
ཁོང་གིས་སྤྱི་ལོ་༢༠༠༨ ལོར་ཁོང་གིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཏེ་བརྒྱུད་ལམ་ཁག་ཅིག་ཏུ་བླ་བྲང་མགོ་ལོག་འཇིགས་མེད་དང་། བླ་བྲང་འཇིགས་མེད་མགོ་རིལ། མགར་རྩེ་འཇིགས་མེད་གསུམ་གྱི་ལོ་རྒྱུས་དང་གནས་སྟངས་མཁོ་སྤྲོད་བྱས་ཡོད་འདུག དེ་བཞིན་སྤྱི་ལོ་༢༠༡༠ལོར་ཁོང་དང་གྲོགས་པོ་ཞིག་རྨ་ལྷོ་ཁུལ་དུ་སྐལ་བཟང་མེ་ཏོག་གླུ་གར་ཚོགས་པ་ཞེས་པའི་ཟབ་སྤྱོང་འཛིན་གྲྭ་བསྡུས་པར་ཕྱིན་ཡོད་པ་དང་། དེ་རུ་ཁོང་གིས་གྲོགས་པོ་དང་ངོ་ཤེས་པ་ཚོ་བརྒྱུད་དེ་སློབ་ཕྲུག་ཚོའི་བསམ་བློར་ཡར་སྐུལ་བྱས་ཞིང་། ཕྱི་ཟླ་༡༠པའི་ནང་རེབ་གོང་དུ་སྐད་ཡིག་ཡར་ལངས་བྱེད་སྐབས་ཕལ་ཆེར་ཁོང་ཉིད་ཀྱིས་དངོས་སུ་སྣེ་ཁྲིད་བྱས་ཡོད་འདུག ཕྱིར་ཀན་ལྷོ་གཙོད་དུ་བྲོས་ཡོང་ནས་སྐད་ཡིག་ཡར་ལངས་སྐོར་གྱི་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱེད་སྐབས། ཀན་ལྷོ་གཙོད་ཉེན་རྟོག་མི་སྣས་ཁོང་དྲ་ཁང་ཞིག་ནས་འཛིན་བཟུང་བྱས་ཤིང་། སྤྱི་ལོ་༢༠༡༢ལོའི་ཧོར་ཟླ་༠༡ཚེས་༡༤ཉིན་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་བའི་ཉེས་མིང་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་ཡིན་པ་རེད།
གནས་ཚུལ་ངོ་སྤྲོད་པས། ད་སྐབས་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་འགྲེལ་བརྗོད་གནང་ཡོད།
ཁོང་ནི་མདོ་སྨད་རྨ་ལྷོ་ཁུལ་རྨ་ལྷོ་རྫོང་ཁུ་སུན་ཡུལ་ཚོ་བེ་སི་ཆུང་བ་སྡེ་བའི་ཕ་ཤེས་རབ་དང་མ་སྒྲོལ་དཀར་གཉིས་ཀྱི་བུ་རུ་སྐྱེས་པ་དང་། ད་ལྟ་རང་ལོ་༢༨ཡིན་འདུག སྤྱི་ལོ་༡༩༩༥ལོར་ཁོང་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྨད་བྱུང་ཐོས་བསམ་གླིང་གི་ཆོས་སྒོར་ཞུགས་ནས་སློབ་གཉེར་བྱས་ཤིང་རིམ་གྱིས་ཤིང་དཔར་ཆེན་མོར་ལས་ཀ་བྱས་མྱོང་བ་དང་། ཕྱི་ལོ་༢༠༠༦ལོའི་ཕྱི་ཟླ་བརྒྱད་པར་དེ་གའི་ཀན་སུའུ་ཞིང་ཆེན་ནང་བསྟན་མཐོ་སློབ་ཏུ་ཞུགས་ནས་༢༠༡༠ལོར་མཐར་ཕྱིན་རྗེས་སྐྱ་སར་བབས་ཡོད་འདུག
གསར་འགོད་པ་ཀླུ་འབུམ།
