༄༅༎རྒྱ་ནག་གཞུང་གིས་ཤིན་ཅང་ནང་ཁ་བྲལ་གྱི་བྱ་སྤྱོད་ལ་དྲག་གནོན་བྱ་རྒྱུ་ཡིན་ཟེར་བཤད་དེ། ཤིན་ཅང་མི་དམངས་ཐོག་དམ་བསྒྲགས་ཆེ་རུ་གཏང་རྒྱུའི་འཆར་གཞི་ཡོད་པ་རེད།
དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཐོག་ལ། རྒྱ་ནག་གཞུང་གིས་ན་ནིང་ཤིན་ཅང་ནང་གི་ཟིང་ཆའི་དོན་རྐྱེན་ལ་གདོང་ལེན་བྱས་པ་བཞིན། ཤིན་ཅང་གི་ཁ་བྲལ་རིང་ལུགས་པའི་ཐོག་དྲག་གནོན་བྱ་རྒྱུ་ཡིན་ཟེར་བཀོད་ཡོད་པ་དང། དེ་ནི་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་ཡི་གྲོང་ཁྱེར་སྤྱི་ཁྱབ་པ་ཇེར་ལ་ཨི་ས་མུ་རྡིན་ཧེ་ཡིས། རེས་གཟའ་ཕུར་བུའི་ཉིན་ཨུ་རུམ་ཆི་ཡི་གྲོང་ཁྱེར་སྲིད་གཞུང་གི་གསལ་བསྒྲགས་ཤིག་སྤེལ་བའི་ནང། ང་ཚོས་ངེས་པར་དུ་འཇིགས་སྐུལ་དྲག་སྤྱོད་པ་དང། ཁ་བྲལ་རིང་ལུགས་པར་ཁ་གཏད་གདོང་ལེན་བྱ་རྒྱུ་དེའི་ལས་དོན་གཞི་རྒྱ་ཆེ་རུ་དང། སྤྱང་གྲུང་དོད་པོ་བྱ་རྒྱུ་མ་ཟད། གཏོར་རྒོལ་གྱི་ངན་ཇུས་ཀྱི་བྱ་སྤྱོད་རིགས་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུ་ཡིན་ཟེར་བཤད་ཡོད་པ། ཤིང་ཧཱ་གསར་ཤོག་ཐོག་ལུང་འདྲེན་བྱས་ཡོད་པ་རེད། ན་ནིང་ཕྱི་ཟླ་བདུན་པའི་ནང་རྒྱལ་ས་ཨུ་རུམ་ཆི་ ནང་དུ་ཡུ་གུར་གྲངས་ཉུང་མི་རིགས་ཚོས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཏེ། རྒྱ་ནག་གཞུང་གིས་སྐབས་དེ་དུས་ཀྱང་ཟིང་ཆའི་དོན་རྐྱེན་ཞོལ་འཇགས་གཏོང་ཐབས་ལ་ཡུ་གུར་གྲངས་ཉུང་མི་རིགས་ཐོག་གཞི་རྒྱ་ཆེ་བའི་དྲག་གནོན་བྱས་པའི་རྗེས། ད་ཆ་རྒྱལ་ས་ཨུ་རུམ་ཆི་མི་དམངས་ཚོར་ཁ་བྲལ་རིང་ལུགས་པའི་ཉེས་མིང་ཐོག་ནས་དྲག་གནོན་མྱོང་དགོས་པ་ཡིན་ཞིང། ད་རེས་ཨུ་རུམ་ཆི་ཡི་གྲོང་ཁྱེར་སྤྱི་ཁྱབ་ནས་དྲག་གནོན་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་དེ་ནི། རྒྱ་ནག་དབུས་གཞུང་གི་དཔོན་རིགས་ནས། ཤིན་ཅང་ནང་གི་ཁ་བྲལ་པ་ཟེར་བའི་ཐོག་ལ་རྡུང་རྡེག་གཏང་རྒྱུའི་ཡུན་སྲིང་གི་བྱ་སྤྱོད་ནང་གི་ཉེ་བའི་འཆར་རྡུང་རྡེག་རིམ་པ་མང་པོ་ཞིག་བཏང་བ་ལྟར་བསྐྱར་དུ་ན་ནིང་ཕྱི་ཟླ་བདུན་པའི་ནང་ཟིང་ཆའི་དོན་རྐྱེན་བྱུང་སྟེ་ལོ་གཅིག་གི་དུས་ཚེགས་མ་ཟིན་སྔོན་ནས། རྒྱལ་ས་ཨུ་རུམ་ཆི་ནང་གི་སྲུང་སྐྱོབ་ཀྱི་ལས་དོན་དམ་བསྒྲགས་ཆེ་རུ་བཏང་སྟེ། དམིགས་བསལ་གྱི་སྤྱི་ཚོགས་བརྟན་ལྷིང་སྐྲུན་ཐབས་ལ། གྲོང་གསེབ་ཁག་ནས་རྒྱལ་སའི་ནང་དུ་འཕྲལ་སེལ་ལས་ཀ་བྱེད་དུ་སླེབས་པའི་ལས་བཟོ་བ་དང། ནག་ཉེས་ཕོག་ཟིན་པའི་མི། དེ་བཞིན་ཆབ་སྲིད་ཀྱི་གནད་དོན་འཚོ་བ་རྐྱེན་པའི་ས་ཁུལ། དོགས་གཞི་ཅན་གྱི་མི་དམངས་ཐོག་ལ་དོགས་ཟོན་དང་བལྟ་རྟོགས་ནན་པོ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།།
