འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་དྲི་བར་རྒྱ་ནག་གཡོལ་ཐབས།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡུག་སྦྱོང་མནར་གཅོད་འགོག་ཐབས་ཚོགས་ཆུང་གི་དྲི་བར་རྒྱ་ནག་གིས་གཡོལ་ཐབས་བྱས་ཡོད་པ་རེད།

༄༅༎སུད་སིའི་གྲོང་ཁྱེར་ཇི་ནི་ལྦའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡུག་སྦྱོང་མནར་གཅོད་འགོག་ཐབས་ཚོགས་ཆུང་གིས་དྲི་བར་རྒྱ་ནག་གིས་གཡོལ་ཐབས་བྱས་ནས་ལན་ཁ་གསལ་ཞིག་རྒྱབ་མེད་པར་འགྲོ་བ་མིའི་ཐོབཐང་ཚོགས་པ་ཁག་གིས་བློ་ཕམ་ཆེན་པོ་གནང་འདུག

གྲོང་ཁྱེར་ཇི་ནི་ལྦའི་ནང་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ལི་བའོ་ཏུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡུག་སྦྱོང་མནར་གཅོད་འགོག་ཐབས་ཚོགས་ཆུང་ལ་རྒྱ་ནག་ནང་མནར་གཅོད་བཏང་བའི་ལུགས་སྲོལ་མེད་པ་དང་རྒྱལ་ཁབ་ཀྱི་བཙོན་ཁང་ནང་ཡོད་པའི་བཙོན་པ་ཚོར་ཞེད་སྣང་སྐུལ་བ་དང་བསུན་བཙིར་བཟོས་པ།ཉེས་རྡུང་བཏང་བ་སོགས་བྱེད་མཁན་གྱི་རིགས་ལ་ཉེས་ཆད་ནན་པོ་གཏོང་རྒྱུའི་རྒྱལ་ཁབ་ཀྱི་ཁྲིམས་བཟོས་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། འོན་ཀྱང་གོང་ཞུས་དྲི་རྩད་ཀྱི་ལྷན་ཚོགས་འདིའི་ཐོག་ཟུར་ཉན་གནང་མཁན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་གསུངས་ན་ཚོགས་མི་གསུམ་བཅུ་སོ་གཉིས་ཡོད་པའི་རྒྱ་ནག་གི་སྐུ་ཚབ་ཚོགས་པ་དེས་རྒྱལ་ཚོགས་ཀྱི་སྡུག་སྦྱོང་མནར་གཅོད་འགོག་ཐབས་ཚོགས་ཆུང་གིས་རྒྱ་ནག་གི་ཉེན་རྟོག་ལས་ཁང་དང་བཙོན་ཁང༌།བཟང་བཙོན།སེམས་ཁམས་བརྟན་པོ་མེད་པའི་མི་ལ་སྨན་བཅོས་བྱེད་སའི་རྟེན་གཞི་ཁག་སོགས་ཀྱི་ནང་སྡུག་སྦྱོང་བཏང་གི་ཡོད་པའི་གནས་ཚུལ་ཡོང་གི་ཡོད་སྐོར་དྲི་བ་བྱས་པར་རྒྱ་མིའི་སྐུ་ཚབ་ཚོས་ཁྲིམས་གཞི་གཏན་འབེབས་བྱས་པའི་སྐོར་གནས་ཚུལ་འགྲེལ་བརྗོད་བྱས་པ་ལས་བཙོན་པ་ཚོར་སྡུག་སྦྱོང་མནར་གཅོད་གཏོང་གི་མེད་པའི་ཁྲིམས་གཞི་ལག་བསྟར་བྱ་ཕྱོགས་སྐོར་གནས་ཚུལ་ཁ་གསལ་ལན་རྒྱབ་མེད་པ་རེད།