༄༅༎རྒྱ་ནག་གཞུང་ནས་བོད་ནང་དྲ་རྒྱ་དང་། ཁ་པར་གྱི་བརྒྱུད་ལམ་ཁག་ལ་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་བོད་ཀྱི་ཉིན་རེའི་གསར་ཤོག་ཅེས་པའི་ནང་གནས་ཚུལ་བཀོད་ཐོན་བྱུང་བ་ཞིག་ལུང་འདྲེན་བྱས་པར་ལྟར་ན། རྒྱ་ནག་མི་མང་འཐུས་མིའི་ལོ་འཁོར་ཚོགས་འདུའི་ཐོག་བོད་ནང་གི་གུང་ཁྲན་ཚོགས་པའི་འགོ་འཁྲིད་ཆན་གྷན་གྰོས་གཏམ་བཤད་སྤེལ་བའི་ནང་། བོད་ནང་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་། བརྟན་ལྷིང་ཡོང་ཐབས་བྱེད་རྒྱུ་ནི་གལ་འགངས་ཆེ་ཤོས་ཤིག་ཡིན་པ་དང་། ཁ་པར་དང་གཞན་ཡང་དྲ་རྒྱ་སོགས་ཀྱི་སྟངས་འཛིན་བྱེད་རྒྱུའི་ལས་དོན་འགོ་བཙུགས་རྒྱུའི་དུས་ལ་བབས་ཡོད་པ་བཅས་གང་ལྟར་ཏཱ་ལའི་རུ་ཚོགས་ཀྱི་ངན་བྱུས་འོག་བོད་ནང་གི་སྤྱི་ཚོགས་བརྟན་ལྷིང་ལ་གནོད་གཞིའི་ལས་དོན་གང་ཡིན་ནའང་དེ་དག་རྩ་མེད་བཟོ་ཐབས་བྱེད་རྒྱུར་ནུས་ཤུགས་གང་ཡོད་འདོན་དགོས་ཀྱི་རེད་ཅེས་ནན་བརྗོད་བྱེད་ཡོད་འདུག བོད་ནང་སྤྱིར་བཏང་ནས་རྒྱ་ནག་གཞུང་ནས་དམ་བསྒྲགས་ཡོད་མུས་ཐོག་ད་རེས་སླར་ཡང་དྲ་རྒྱ་དང་། ཁ་པར་གྱི་བརྒྱུད་ལམ་ཐོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་བཀོད་ཁྱབ་དེ་ནི་རིང་མིན་གསུམ་བཅུའི་དུས་དྲན་གྱི་དུས་ཚོད་སླེབས་ལ་ཉེ་བའི་སྐབས་དང་། དེ་བཞིན་བོད་ནང་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་བསྟུད་མར་ཡོང་གི་ཡོད་པ་སོགས་ཀྱི་གནས་ཚུལ་རྣམས་ཕྱི་བསྒྲགས་མི་ཡོང་བའི་ཐབས་ཤེས་ཡིན་པའི་ཚོད་རྩིས་བྱེད་ཀྱི་ཡོད་པ་རེད།།
