དངུལ་གྱི་འཛའ་ཐང་སྐོར་ལ་རྒྱ་ནག་གིས་ཨ་རིར་དགག་ལན།

ཨ་མི་རི་ཀའི་སྲིད་འཛིན་ནས་རྒྱ་ནག་གི་དངུལ་འཛའ་ཐང་སྐོར་སྐྱོན་བརྗོད་གནང་བ་དེར་རྒྱ་ནག་ཕྱོགས་ནས་དགག་ལན་སྤེལ་ཡོད་པ་རེད།

༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་རྒྱ་ནག་ཕྱོགས་ནས་ཁྲོམ་རའི་ཐོག་རྒྱ་མིའི་དངུལ་བརྗེ་འགྱུར་གྱི་འཛའ་ཐང་འཕར་ཆགས་མ་བཟོས་པའི་གནད་དོན་ཐོག་ལ་སྐྱོན་བརྗོད་གནང་བ་དེར་དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་ཕྱོགས་ནས། རྒྱ་ནག་གི་དངུལ་བརྗེ་འགྱུར་གྱི་འཛའ་ཐང་འཕར་ཆགས་ཀྱི་སྲིད་ཇུས་དེ་ནི། ཆབ་སྲིད་ཀྱི་གནད་དོན་ཞིག་མིན་པ་མ་ཟད། རྒྱལ་སྤྱིའི་ཚོང་འབྲེལ་ཆ་སྙོམས་མེད་པ་དེའི་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་ཞིག་ཀྱང་མ་རེད་ཅེས་བཤད་དེ། རྒྱ་ནག་ཕྱོགས་ནས་དེར་དགག་ལན་སྤེལ་ཡོད་པ་རེད།

རེས་གཟའ་ཕུར་བུའི་ཉིན་སྲིད་འཛིན་ཨོ་སྦ་མ་མཆོག་གིས་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཚོགས་པའི་ཕྱིར་ཚོང་ནང་འདྲེན་དངུལ་ཁང་གི་ཚོགས་འདུའི་ཐོག་གཏམ་བཤད་གནང་བའི་ནང། རྒྱ་ནག་ཕྱོགས་ནས་དངུལ་གྱི་འཛའ་ཐང་བརྗེ་འགྱུར་གྱི་ཁྲོམ་རའི་སྲིད་ཇུས་གཏན་འབེབས་བྱ་དགོས་པའི་འབོད་སྐུལ་གནང་སྟེ་རྒྱ་ནག་གཞུང་ལ་གནོན་ཤུགས་འཕར་མ་སྤྲད་གནང་བ་མ་ཟད། ཨ་མི་རི་ཀ་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ནི་རྒྱ་ནག་དང་ཚོང་འབྲེལ་བྱེད་ཡུལ་གཙོ་བོ་ཞིག་ཡིན་པར་བརྟེན་ནས། ཨ་མི་རི་ཀ་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས། རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་རྒྱལ་ནང་གི་དངོས་ཟོག་ཕྱིར་ཚོང་གི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་ཆེད་དུ་དམིགས་ཏེ། རྒྱ་མིའི་དངུལ་བརྗེས་ཀྱི་འཛའ་ཐང་ཁྲོམ་རའི་ཐོག་མུ་མཐུད་ནས་དམའ་པོར་རང་གནས་སུ་བཞག་ཏེ། ཁྲོམ་རའི་འགྲོ་ལུགས་ལ་བརྟེན་པའི་འཕར་ཆགས་བཟོ་གི་མེད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་དེ་རིང་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུའི་ཟུར་དུ་ཚོགས་པའི་གསར་འགོད་ལྷན་ཚོགས་ཐོག་ལ། རྒྱ་ནག་མི་དམངས་དངུལ་ཁང་གི་འགོ་ཁྲིད་གཞོན་པ་སུ་ནིང་ཟེར་བས། ང་ཚོ་རྒྱ་ནག་གི་ཕྱོགས་ནས། རྒྱ་མིའི་དངུལ་བརྗེ་འགྱུར་གྱི་འཛའ་ཐང་གི་གནད་དོན་དེ་ཡིས། ང་ཚོའི་ཕན་ཚུན་དབར་གྱི་ཚོང་འབྲེལ་འཕར་ཆགས་ཐོག་ལ་ཁྱད་པར་འགྲོ་རྒྱུ་མིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང། ལྷག་པར་དུ་དུ་རྒྱ་མིའི་དངུལ་བརྗེས་ཀྱི་འཛའ་ཐང་དེ་ནི་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་རྒྱུ་མེད་ཅེས་བཤད་ཡོད་པ་རེད།