ཧོང་ཀོང་དམིགས་བསལ་འོས་བསྡུ་ཡོང་ཐབས་ལ་ངོ་རྒོལ།

མང་གཙོའི་བཅོས་བསྒྱུར་དགོས་མིན་ཐད་མང་ཚོགས་ཀྱི་བསམ་ཚུལ་མཚོན་ཐུབ་རྒྱུའི་དམིགས་བསལ་འོས་བསྡུའི་འཆར་གཞིར་ངོ་རྒོལ།

༄༅༎ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་ཚོས་ས་ཁུལ་དེའི་ནང་མང་གཙོའི་བཅོས་བསྒྱུར་དགོས་མིན་ཐད་མང་ཚོགས་ཀྱི་བསམ་ཚུལ་མཚོན་ཐུབ་རྒྱུའི་དམིགས་བསལ་འོས་བསྡུ་ཞིག་འབྱུང་ཐབས་ཀྱི་འཆར་གཞི་ཞིག་ཡོད་པ་དེ་ནི་ཧོང་ཀོང་གི་བརྟན་ལྷིངས་ལ་གནོད་གཞིའི་ལས་དོན་ཞིག་ཡིན་པ་རྒྱ་ནག་གཞུང་གིས་བརྗོད་འདུག།

གཞི་རྐང་ཧོང་ཀོང་ཕྱི་ལོ་༡༩༩༧ལོར་རྒྱ་ནག་ལ་རྩིས་སྤྲོད་ཟིན་པ་ཡིན་ན་ཡང་ རྒྱ་ནག་སྐམ་ས་ཆེན་པོ་ལས་ལོགས་སུ་ཆབ་སྲིད་ལམ་ལུགས་རྒྱུན་འཛིན་བྱེད་བཞིན་ཡོད་ལ་ རྒྱ་ནག་སྐམ་ས་ཆེན་པོའི་ནང་ལོངས་སུ་སྤྱོད་དབང་མེད་པའི་སྤྱི་དམངས་རང་དབང་གི་ཐོབ་ཐང་མང་དག་ཅིག་ཧོང་ཀོང་གི་མི་སེར་ཚོར་ལོངས་སུ་སྤྱོད་དབང་ཡོད་པ་རེད་ འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་ཧོང་ནང་མང་གཙོ་མཚན་ཉིན་ཚང་བ་ཞིག་ལོངས་སུ་སྤྱོད་འཇུག་གི་མེད་ཅིང་ དཔེར་ན་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་སྤྱི་ཁྱབ་འགན་འཛིན་དེ་རྒྱ་ནག་གཞུང་ལ་དགའ་མོས་བྱེད་མཁན་མང་ཤོས་ཡོད་པའི་ཧོང་གྲོས་ཚོགས་ནས་འདེམས་བསྐོ་བྱེད་དགོས་ཀྱི་ཡོད་པ་རེད།

འོན་ཀྱང་ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་ཚོས་ ཧོང་ཀོང་གི་མི་འབོར་ས་ཡ་བདུན་ཙམ་ཡོད་པ་དེ་དག་གིས་སོ་སོའི་འགོ་འཁྲིད་ཅིག་འདེམས་བསྐོ་ཐུབ་པའི་ནུས་པ་དང་ལྡན་ཡོད་པ་བརྗོད་བཞིན་ཡོད་པ་དང་ རྒྱ་ནག་གཞུང་ཕྱོགས་ནས་དེ་འགོག་ཐབས་ཤུགས་ཆེ་བྱེད་བཞིན་ཡོད་སྟབས་ མང་གཙོ་དོན་གཉེར་བ་ཁ་གཏད་ཚོགས་པའི་འཐུས་མི་ལྔ་སོ་སོའི་གོ་གནས་ནས་དགོངས་ཞུ་བྱས་ཡོད་ཅིང་ དེས་ཧོང་ཀོང་ནང་དམིགས་བསལ་འོས་བསྡུ་བྱེད་དགོས་པ་བཟོ་གི་ཡོད་པ་རེད། ཁ་གཏད་སྲིད་དོན་ཚོགས་པས་སོ་སོའི་འོས་མི་བར་མའི་འོས་བསྡུ་དེའི་ནང་ཞུགས་སུ་འཇུག་རྒྱུ་དང་ འོས་བསྡུ་དེ་ཧོང་ཀོང་མི་དམངས་ཀྱིས་དོན་དངོས་ཧོང་ཀོང་ནང་མང་གཙོའི་བཅོས་བསྒྱུར་དགོས་མིན་ཐད་བསམ་ཚུལ་ཇི་ཡོད་མཚོན་ཐུབ་པ་ཞིག་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་རེད།

ཧོང་ཀོང་ནང་གི་ཆབ་སྲིད་ཚོགས་པ་འགའ་ཤས་ཀྱིས་ བར་མའི་འོས་བསྡུ་དེའི་མིང་ལ་མང་ཚོགས་སྒེར་ལངས་དང་ ཧོང་ཀོང་བཅིངས་འགྲོལ་ལ་སོགས་པ་རྣོ་ངར་ཆེ་བའི་བརྗོད་ཚིག་བེད་སྤྱོད་བྱེད་བཞིན་ཡོད་པ་དང་ པེ་ཅིང་དུ་ཚུགས་བཞིན་པའི་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་དུ་སླེབས་པའི་ ཧོང་ཀོང་ནང་རྟེན་གཞི་བྱེད་པའི་རྒྱ་ནག་དོན་གཅོད་ལས་ཁུངས་ཀྱི་འགོ་འཁྲིད་ པང་ཅིང་ཧུལྦས་ ཧོང་ཀོང་གི་འཐུས་མི་ཚོ་དང་ཐུག་འཕྲད་སྐབས་ ཁ་གཏད་ཚོགས་པའི་བྱ་སྤྱོད་དེ་ནི་བརྟན་ལྷིངས་དང་ མཐུན་སྒྲིལ་ འཕེལ་རྒྱས་བཅས་འབྱུང་རྒྱུར་ཡིད་ཆེས་བྱེད་མཁན་ཧོང་ཀོང་མང་ཚོགས་ཀྱི་བསམ་ཚུལ་དང་ཡོངས་སུ་འགལ་བ་ཞིག་ཡིན་པ་བརྗོད་ཡོད་ཅིང་ ཁོ་པས་བཤད་པ་དེ་དག་ཧོང་ཀོང་གི་བརྙན་འཕྲིན་ཐོག་རྒྱང་སྲིང་བྱས་ཡོད་པ་རེད།

འོན་ཀྱང་རྒྱ་ནག་གི་སྲིད་འཛིན་གཞོན་པ་ ཤི་ཇི་པིང་གིས་ ཧོང་ཀོང་གི་ཆབ་སྲིད་ལམ་ལུགས་ལ་རིམ་པས་ཕན་ཚུན་གྲོས་བསྡུར་བྱས་པའི་བརྒྱུད་ལམ་ནས་འཕེལ་རྒྱས་གཏོང་འཐུས་བརྗོད་འདུག།