ཨོ་སྦ་མ་ནས་༸གོང་ས་མཆོག་མཇལ་རྒྱུར་རྒྱ་ནག་གིས་ངོ་རྒོལ།

རྒྱ་ནག་གཞུང་གིས་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་ཡིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་ཉེན་བརྡ་བཏང་ཡོད་པ་རེད་

༄༅༎རྒྱ་ནག་གཞུང་གིས་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་ཡིས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུར་ཉེན་བརྡ་བཏང་ཡོད་པ་རེད་

དེ་ཡང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་དཔོན་རིགས་ཀྲུའུ་འོད་ཇུན་གྱིས་དེ་རིང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགོད་ལྷན་ཚོགས་ཐོག་བརྗོད་ན་ ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་ཡིས་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུ་མེད་པའི་འབོད་སྐུལ་ཞུས་པ་དང་འབྲེལ་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་དེས་རྒྱ་ནག་དང་ཨ་རིའི་དབར་གྱི་འབྲེལ་ལམ་དང་ ལྷག་པར་དུ་ད་ལྟའི་ཨ་རིའི་དཔལ་འབྱོར་གནས་སྟངས་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་གང་ཡང་མེད་པ་རེད་ལ་ དེས་རྐྱེན་པས་རྒྱ་ནག་དང་ཨ་རིའི་དབར་གྱི་ཡིད་ཆེས་དང་མཉམ་ལས་ཀྱི་རྣམ་པར་ཡང་གནོད་ཚབས་བཟོ་རྒྱུ་ཡིན་ལུགས་ཀྱི་ཉེན་བརྡ་བཏང་ཡོད་པ་རེད་ རྒྱ་ནག་གཞུང་གིས་རྒྱུན་དུ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཕྱི་རྒྱལ་གྱི་དཔོན་རིགས་མཇལ་འཕྲད་གནང་རྒྱུར་སྐྱོན་བརྗོད་ཤུགས་ཆེ་ཞུ་བཞིན་ཡོད་ཅིང་ ལྷག་པར་དུ་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་ བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་ཤུགས་ཆེ་བྱས་པའི་རྗེས་ རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་མཚན་དམས་ཞུ་ཡས་ཤུགས་ཆེ་རུ་བཏང་བ་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཕྱི་རྒྱལ་གྱི་དཔོན་རིགས་དབར་མཇལ་འཕྲད་གནང་རྒྱུར་ཡང་བསྐྱོན་བརྗོད་ཞུ་ཡས་ཤུགས་ཆེ་རུ་བཏང་ཡོད་པ་རེད་ དེ་དང་ཕྱོགས་མཚུངས་ཉེ་བའི་ཆར་རྒྱ་ནག་དང་ཨ་རིའི་དབར་ཚོང་དོན་དང་མི་མང་ཤོག་སྒོར་གྱི་འཛའ་ཐང་སྤར་ཆ་ ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཕྱིར་ཚོང་བྱ་རྒྱུ་སོགས་གནད་དོན་མང་པོ་ཞིག་གིས་རྐྱེན་པས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ཐོག་དཀའ་ངལ་ཡོད་མུས་ཡིན་པའི་དུས་སྐབས་འོག་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་རིང་མིན་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་མཇལ་འཕྲད་གནང་འཆར་ཡོད་པ་དང་ ཡིན་ནའི་ད་ལྟའི་ཆར་ཨ་རིའི་སྲིད་འཛིན་ལས་ཁང་གིས་༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་མཇལ་མོལ་གནང་འཆར་ཡོད་པའི་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས་གང་ཡང་གནང་མེད་པ་རེད་