༄༅༎ཕྱིའི་རྒྱལ་ཁབ་ཁག་བརྒྱད་ནས་རྒྱ་རིགས་དམངས་གཙོ་དོན་ཅན་གྱི་སྐུ་ཚབ་འཐུས་མི་ཁག་ཅིག་ཉེ་ཆར་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་མའི་ལམ་གྱི་ཐབས་ལམ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གནས་བབ་ཡོང་ཐབས་ཀྱི་དགོངས་གཞིར་མཐའ་ཅིག་ཏུ་རྒྱབ་སྐྱོར་ཞུ་གི་ཡོད་པ་རེད།
དེ་ཡང་ཨ་མི་རི་ཀ་དང། ཉི་ཧོང། ཐའེ་ལྦན། ཨོ་སི་ཀྲོ་ལི་ཡ། ཐའེ་ལེན་ཌི། ཀེམ་སྦོ་ཌི་ཡ། འཇར་མ་ནི། ཁེ་ན་ཌ། ཧོང་ཀོང་བཅས་ནས་ཕེབས་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་འཐུས་མི་༢༣་བཞུགས་སྒར་དུ་གཟའ་འཁོར་གཅིག་རིང་འཚམས་འདྲིར་ཕེབས་ཏེ། རེས་གཟའ་ཕུར་བུའི་ཉིན་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་དང་རྒྱ་ནག་དམངས་གཙོ་ལས་འགུལ་ཚོགས་པའི་འཐུས་མི་ཁྲིན་ཅིན་གྱིས་གསར་འགོད་འདུ་འཛོམས་ཀྱི་ཐོག་ལ། ད་རེས་བཞུགས་སྒར་དུ་འཚམས་འདྲིར་ཕེབས་པ་དེ་ནི་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་གཞན་ཞིག་འཚོལ་སྒྲུབ་བྱེད་དུ་ཡོང་བ་ཡིན་ཞེས་དང། ང་ཚོས་ད་བར་ཤེས་རྟོགས་བྱུང་བ་ནི། བོད་ཀྱི་དཀའ་རྙོག་སེལ་མ་ཐུབ་པར་མི་ལོ་༥༠ ཕྱིན་པ་དང། ང་ཚོའི་ངོས་ནས། མི་རིང་བའི་དུས་ཚོད་ནང་ལ་བོད་ཀྱི་དཀའ་རྙོག་སེལ་ཐུབ་རྒྱུ་ཡིན་པའི་མངོན་རྟགས་གང་ཡང་མཐོང་མ་བྱུང་བ་མ་ཟད། ད་བར་༧གོང་ས་ཏ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་དབར་ལ་བོད་རྒྱ་གྲོས་མོལ་ཐེངས་དགུ་བྱུང་ཡོད་ཀྱང་གྲུབ་འབྲས་ཐོན་པ་གང་ཡང་བྱུང་མེད་པར་བརྟེན། ང་ཚོས་བོད་ཀྱི་དཀའ་རྙོགས་སེལ་ཐབས་ལ་ཐབས་ལམ་གཞན་ཞིག་འཚོལ་གྲུབ་ཀྱིས་འགྱུར་བ་གཏོང་ཐབས་ཀྱི་རེ་བ་བྱེད་ཀྱི་ཡོད་ཅེས་གསུང་ཡོད་པ་རེད།
ད་དུང་ཁོང་ལ་གསར་འགོད་པའི་ཁྲོད་ནས། རྒྱ་ནག་ནང་དུ་དམངས་གཙོ་དར་འཕེལ་གཏོང་ཐབས་ཐོག་ལ་ལས་དོན་སྤེལ་ཕྱོགས་སྐོར་བཀའ་འདྲི་ཞུས་པར། ཁོང་གིས། རྒྱ་ནག་མི་དམངས་ལ་དམངས་གཙོ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་དང་རྒྱ་ནག་མི་དམངས་ཀྱིས་དམངས་གཙོ་དར་སྤེལ་གྱི་ཆེད་དུ་མི་ལོ་བརྒྱ་ཕྲག་འབད་བརྩོན་བྱེད་ཀྱི་ཡོད་ཅིང། ང་ཚོའི་ངོས་ནས་དེ་ཙམ་གྱི་ནུས་པ་བཏོན་ཐུབ་ཀྱི་མེད་ཀྱང་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱིས་རོགས་རམ་ཡོང་བའི་རེ་སྨོན་བྱེད་ཀྱི་ཡོད་ལ། རྒྱ་ནག་ནང་དམངས་གཙོ་དར་འཕེལ་ཡོང་ཐབས་དང་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གནས་བབ་འབད་བརྩོན་བྱ་རྒྱུ་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པར་བརྟེན་ནས་ང་ཚོ་ཚང་མས་མཉམ་རུབ་ཀྱི་ལས་དོན་བྱེད་དགོས་ཀྱི་རེད་ཅེས་གསུང་ཡོད་པ་རེད།
