སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུར་བཀག་འགོག
2013.07.07
༄༅༎ཕྱི་ཟླ་༧པའི་ཚེས་༦ཉིན་ཁམས་རྟའུ་ཁུལ་གྱི་སེར་སྐྱ་མི་དམངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྲུང་བརྩི་ཞུ་བར་ལྷ་བསང་བཏང་དུ་བསྐྱོད་ཀྱང་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད།
བཙན་བྱོལ་དུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྟའུ་བློ་བཟང་སྦྱིན་པ་ལགས་སུ་བོད་ནས་གནས་ཚུལ་འབྱོར་བ་ཞིག་དེ་རིང་འདི་ག་རླུང་འཕྲིན་ཁང་དུ་བཏང་བའི་ནང། ཉིན་དེར་ཁམས་ཉ་མཚོ་དགོན་པ་དང། དགེ་ལྡན་ཆོས་གླིང་དགོན་པའི་བཙུན་མ་གཙོ་བོར་གྱུར་བའི་ཡུལ་དེའི་ནང་གི་སེར་སྐྱ་མི་དམངས་བརྒྱ་ཕྲག་འགའ་ཤས་ཀྱིས་༸གོང་ས་མཆོག་གི་དགུང་གྲངས་༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་ནས་ཡུལ་དེའི་ནང་དུ་ཆགས་པའི་གཞི་བདག་རྨ་ཆེན་སྤོམ་རའི་རི་རྩེར་འཁྲུངས་སྐར་སྲུང་བརྩིའི་ལྷ་བསང་གཏོང་དུ་བསྐྱོད་པའི་སྐབས་རྒྱ་ནག་གི་དྲག་ཆས་དམག་དཔུང་གིས་རྨ་ཆེན་སྤོམ་རེའི་ལ་རྩེ་ཡོངས་སུ་མཐའ་སྐོར་ནས་ལྷ་གསོལ་བྱེད་དུ་བཅུག་མེད་ལུགས་དང། ད་དུང་བོད་ནང་དུ་རྒྱ་ནག་གཞུང་གིས་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་རང་ལུས་མེ་བསྲེག་བཏང་གནང་མཁན་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱི་གཅུང་པོ་གྲ་དགེ་འདུན་རྡོ་རྗེ་ལགས་མོ་ཊར་བཏང་སྟེ་རེ་རྩེར་བསླེབས་པའི་སྐབས་རྒྱ་མིའི་དམག་མིས་ཁོང་གི་མོ་ཊར་རྡོ་ཞུས་ཏེ་ཤེལ་སྒོ་སོགས་བཅག་སྐྱོན་བཏང་བ་མ་ཟད། སྐུ་ཞབས་བྱང་ཆུབ་རྡོ་རྗེ་ལགས་དང། ཉ་མཚོ་དགོན་པའི་དགེ་བསྐོས་ཚེ་རིང་དོན་གྲུབ་ལགས། བྲག་ཆུང་གྲོང་པ་ཨོ་རྒྱན་བཀྲིས་ལགས། ཉོ་མཚོ་དགོན་པའི་རྒན་བཀྲིས་བསོད་ནམས་ལགས་དང། བཀྲིས་བདུན་སྐྱ་ལགས་། གྲོང་པ་སྙན་གྲགས་ལགས། བཙུན་མ་གཅིག་བཅས་ལ་མེ་མདའ་རྒྱབ་སྟེ་ད་ལྟ་སྨན་ཁང་དུ་སྨན་བཅོས་བྱེད་དུ་བསྐྱལ་ཡོད་ཀྱང་དེའི་ནང་ནས་ཨོ་རྒྱན་བཀྲིས་ལགས་ཀྱི་གནས་སྟངས་ཧ་ཅང་གི་ཛ་དྲག་ཡོད་པར་བརྟེན་ནས་རྟའུ་རྫོང་གི་སྨན་ཁང་ནས་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ཆེན་པོ་ཞིག་ཏུ་བསྐྱལ་དགོས་བྱུང་ཡོད་པའི་སྐོར་དང། ཉིན་དེར་མི་དམངས་ཀྱི་དཀྱིལ་དུ་མིག་ཆུ་ཤོར་བའི་དུག་རྫས་གཏོར་བ་དང་གང་བྱུང་དུ་ཉེས་རྡུང་བཏང་སྟེ་མི་དམངས་མང་པོར་རྨས་སྐྱོན་ཕོག་ཡོད་པ་སོགས་ད་ལྟའི་འཆར་ཁམས་རྟའུ་ཉ་མཚོ་དགོན་པའི་ཕྱི་ནང་གཉིས་ཀར་དམག་དཔུང་འགྲེམས་འཇོག་བྱས་ཏེ་དམ་བསྒྲགས་འོག་གནས་བཞིན་མི་དམངས་རྣམས་འགྲོ་བསྐྱོད་ཀྱི་རང་དབང་མེད་པའི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པའི་སྐོར་གསུང་བཞག།