༄༅༎བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་མཐོ་རིམ་སློབ་གཉེར་བ་རྣམས་ལ་དེང་གི་ན་གཞོན་དང་མ་འོངས་པའི་འགོ་འཁྲིད་ཅེས་པའི་ཟབ་སྦྱོང་ཐེངས་ ༡༢ པ་དེ་དེ་རིང་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་བཞུགས་སྒར་དྷ་རམ་ས་ ལར་དབུ་འཛུགས་གནང་བཞག
དེ་ཡང་ཉིན་དགུའི་རིང་ཚོགས་རྒྱུའི་ཟབ་སྦྱོང་ཀྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས། ལས་འཆར་འགན་འཛིན་སྤྱི་འཐུས་ཨ་ཙརྱ་ཡེ་ཤེས་ཕུན་ཚོགས་ལགས། འབྲེལ་ཡོད་ལས་བྱེད་བསམ་འཕེལ་རྡོ་རྗེ་ལགས། རྒྱ་གར་གྱི་ས་གནས་དགུ་ནས་ཕེབས་པའི་ སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༦༠ བརྒལ་བས་མཉམ་ཞུགས་གནང་འདུག
ཉིན་དགུའི་རིང་གི་ཟབ་སྦྱོང་འདིར་བོད་མིའི་སྒྲིག་འཛུགས་ཀྱི་ཆེད་མཁས་མི་སྣ་ ༢༥ ཙམ་གདན་ཞུས་ཀྱིས་བོད་མིའི་ཆབ་སྲིད་གནས་སྟངས་མཚོན་པའི་བརྗོད་གཞི་འདྲ་མིན་ཐད་ཟབ་སྦྱོང་གནང་རྒྱུ་ཡིན་འདུག།
