༸གོང་ས་མཆོག་གིས་ནང་ཆོས་དང་དཔལ་འབྱོར་སྐོར་བཀའ་སྩལ།

2009-07-04

༸གོང་ས་མཆོག་གིས་དཔལ་འབྱོར་དཀའ་ཉེན་ཆེ་དུས་འདི་ནི་ཀུན་སྤྱོད་དཀའ་ཉེན་ཆེ་དུས་ཡིན་པར་ཡིད་ཆེས་གནང་གི་ཡོད་སྐོར་བཀའ་གནང་འདུག

༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་དང་དཔལ་འབྱོར་འཛིན་སྐྱོང་བཅས་ནི་ཕན་ཚུན་འབྲེལ་ཆགས་ཡིན་པ་དང་དཔལ་འབྱོར་དཀའ་ཉེན་ཆེ་དུས་འདི་ནི་ཀུན་སྤྱོད་དཀའ་ཉེན་ཆེ་དུས་ཡིན་པར་ཡིད་ཆེས་གནང་གི་ཡོད་སྐོར་བཀའ་གནང་འདུག

འཇར་མིན་གྱི་རྒྱལ་ཡོངས་ཉིན་རེའི་གསར་ཤོག་གི་དཔལ་འབྱོར་དང་དངུལ་རྩིས་ཁང་ཁུངས་ཀྱི་དོན་གནད་རྩོམ་བྲིས་པ་ཧོརྒ་ཨེ་གེན་ཌོཕ་ཡིས་བཞུགས་སྒར་དུ་བཅར་ཏེ་༸གོང་ས་མཆོག་ལ་བཀའ་འདྲི་ཁག་ཅིག་ཞུས་ཡོད་ཅིང་དེ་ཡང་རང་དབང་ཅན་ཁྲོམ་རའི་ལམ་ལུགས་དཀའ་ངལ་འཕྲད་བཞིན་པ་དང་དཔལ་འབྱོར་ཁྲིམས་སྒྲིག་གསར་བཟོར་ཐུགས་འདོད་གནང་གི་མེད་ན་བཅོས་ཐབས་གང་ཡོད་ཅེས་པའི་བཀའ་འདྲི་ཞུས་པའི་ལན་དུ་༸གོང་ས་མཆོག་གིས་སྐྱོ་བོ་ཀུན་གྱིས་འགན་ཁུར་ལེན་དགོས་པ་དང་ད་ཡོད་དཔལ་འབྱོར་དཀའ་ཉེན་ཆེ་དུས་འདི་ནི་དཔལ་འབྱོར་ཁོ་ན་མིན་པར་འགྲོ་བ་མིའི་རིན་ཐང་དཀའ་ཉེན་ཆེ་དུས་ཤིག་ཡིན་པར་ཡིད་ཆེས་གནང་གི་ཡོད་ཅེས་དང་ཡང་ཆུང་བྱིས་པའི་དུས་ནས་སྔོན་འགྲོའི་སློབ་གྲྭ་ནས་འགོ་བཙུགས་ཏེ་རྒྱལ་རབས།རྩིས་རིག།སྐད་ཡིག།དཔལ་འབྱོར་རིག་གནས་སོགས་དང་མཉམ་དུ་བཟང་སྤྱོད་ཀྱི་སློབ་གསོ་སྤྲོད་གལ་ཆེ་བའི་བཀའ་ལན་གནང་འདུག ཡང་འགན་ཁུར་ཡོད་པའི་ཁྲོམ་རའི་རང་བཞིན་ཅན་གྱི་དཔལ་འབྱོར་ལམ་ལུགས་གསར་འཛུགས་ཡོང་བར་དུས་འགོར་ཡོང་གཞི་ཡོད་པ་སྨོས་མེད་ཀྱང་དཔལ་འབྱོར་ལམ་ལུགས་མྱུར་དུ་ཤར་རྒྱུར་ཤུགས་རྐྱེན་ཐེབས་སྲིད་པ་རེད། གཞི་རྩའི་ཕྱི་དངོས་པོའི་དཔལ་འབྱོར་ནུས་པ་ཁོ་ནས་བདེ་སྐྱིད་འགྲུབ་མི་ཐུབ་ཅིང་ནང་སེམས་ཀྱི་བྱམས་པ་དང་བརྩེ་བ་དང་དྲང་བདེན་ཡིད་ཆེས་དང་གྲོགས་པོའི་འདུ་ཤེས་ངང་གནས་ན་བདེ་སྐྱིད་ཆེ་བ་འབྱུང་ཐུབ་པའི་སྐོར་གསུངས་གནང་འདུག ཡང་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་ནི་མི་མང་ནས་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་པ་དང་ཆོས་ཕྱོགས་ཀྱི་རྒྱལ་མཆོག་སྐུ་ཕྲེང་བཅོ་ལྔ་པ་དགོས་གལ་ཡོད་མིན་བདོ་མི་མང་གིས་ཐག་གཅོད་གནང་དགོས་པ་ཡིན་ཞེས་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་འཛམ་གླིང་གི་ཡུལ་གྲུ་དུ་མར་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཆིབས་བསྒྱུར་གནང་སྟེ་བོད་དང་བོད་མིའི་བདེ་དོན་མ་ཟད་འགྲོ་བ་མིའི་རིགས་ཀྱི་ཕན་བདེ་འགྲུབ་པའི་ལམ་བཟང་སྟོན་གྱི་ཡོད་པའི་སྐོར་ཡང་གསལ་བཤད་གནང་འདུག ཕྱོགས་མཚུངས་རྒྱ་ནག་གི་དཔལ་འབྱོར་གོང་འཕེལ་འགྲོ་བཞིན་པའི་ཐད་དེང་རྒྱ་ནག་གུང་གྲན་ཏང་གི་འགོ་ཁྲིད་ཚོས་དཔལ་འབྱོར་དང་སྟོབས་ཤུགས་ཁོ་ན་བསམ་བློ་གཏོང་གི་ཡོད་ཅིང་དེ་ནི་གཏོར་བཤིག་རང་བཞིན་ལྡན་པ་རེད་ཅེས་༸གོང་ས་མཆོག་གིས་བཀའ་གནང་འདུག།

Comments

You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.




གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org