༄༅། །སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་ཐོག་གསུམ་པ་ཞིང་གཤེགས་དམ་པ་༸སྐྱབས་རྗེ་སྒྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གི་སྐུ་གདུང་ལོ་བཞི་ཙམ་གྱི་རྗེས། བཞི་པ་ས་ག་ཟླ་བའི་དུས་ཆེན་ཁྱད་དུ་འཕགས་པའི་ཚེས་༡༣།ཕྱི་ཚེས་༢༣སྟེ། གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ལྷོ་ཕྱོགས་བེ་ལ་ཀོ་པི་ཐེག་མཆོག་རྣམ་གྲོལ་བཤད་གྲུབ་དར་རྒྱས་གླིང་དགོན་པའི་ནང་ཞུགས་འབུལ་ཞུས་འདུག རྣམ་གྲོལ་གླིང་དགོན་པའི་ཟང་མདོག་དཔལ་རི་ལྷ་ཁང་ནས་དགོན་པའི་འདུ་ཁང་བར་དགོན་པའི་མཁན་བླ་དགེ་འདུན་པ་རྣམས་ནས་གདུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་སྐུ་གདུང་གདན་ཞུས་ཀྱིས། སྔ་འགྱུར་སྙིང་མའི་དབུ་འཛིན་༸སྐྱབས་རྗེ་སྟགས་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་དབུ་བཞུགས་ཐོག་སྒྲུབ་དབང་༸པད་ནོར་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞི་བའི་སྦྱིན་བསྲེགས་ཕུལ་ནས་ཞུགས་འབུལ་ཞུས་ཡོད་པ་རེད། སྐུ་གདུང་ཞུགས་འབུལ་གྱི་ཆོས་ཕྱོགས་མཛད་སྒོའི་ཐོག་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང༌། དཔལ་ས་སྐྱ་༸བདག་ཁྲི་རིན་པོ་ཆེ་མཆོག་དང་། ༸རྒྱལ་དབང་ཀརྨ་པ་མཆོག་གི་སྐུ་ཚབ་ཆེད་བཅར་ཞུས་འདུག་ལ། ཕྱི་ནང་དད་ལྡན་སེར་སྐྱ་མང་ཚོགས་ཁྲི་གཉིས་ལྷག་ཙམ་ཞིག་འདུ་འཛོམས་གནང་འདུག
