ཞབས་འདྲེན་ཞུ་མཁན་བླ་མ་དེ་ཚོ་སྤྱི་ཚོགས་ནང་ཐེར་འདོན་བྱེད་དགོས།


2017.08.09
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2017/7/30 ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2017/7/30
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚུལ་མིན་གྱི་སྤྱོད་ཚུལ་ཅན་དང་སངས་རྒྱས་ཀྱིས་གསུངས་པའི་ཡ་རབས་ཀྱི་བསླབ་བྱ་དང་འགལ་འཛོལ་བྱེད་མཁན་བླ་མ་དང་དགེ་རྒན་མིང་འཛིན་པ་ཚོར་སྐྱོན་བརྗོད་གནང་ཞིང་། དེ་དག་སྤྱི་ཚོགས་སུ་ཐེར་ཕྱིན་བྱེད་དགོས་པ་བཀའ་གནང་འདུག
དེ་ཡང་Lion’s་Roar་རམ་སེངྒེའི་ངར་སྒྲ་ཞེས་པ་ནང་ཆོས་ཀྱི་དུས་དེབ་ནང་ཉེ་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་སུ་བླ་མ་བསྟེན་ཕྱོགས་དང་འབྲེལ་བའི་སྐོར་བཀའ་གསུང་བཤད་གནང་པ་ཞིག་ལུང་འདྲེན་ཞུས་འདུག་པ་དེའི་ནང་།  སངས་རྒྱས་བཅོམ་ལྡན་འདས་ཀྱིང་ཀྱང་། གང་གིས་གསུངས་པ་དེར་རིག་པའི་ལམ་ནས་བཏགས་དཔྱད་བྱེད་དགོས་པ་བཀའ་གནང་པ་ལྟར། རང་རང་གི་བླ་མས་གསུངས་པ་དེར་ཡང་བཏགས་དཔྱད་ངེས་པར་བྱེད་དགོས་པ་བཀའ་གནང་འདུག
དགེ་ལུགས་པ་ལྟ་བུར་ཆ་བཞག་ན་ཡང་རྗེ་བླ་མ་ཙོང་པ་ཆེན་པོས་བླ་མ་བསྟེན་ཚུལ་སྐོར་གསུངས་སྐབས། ཆོས་མ་ཡིན་པ་སྨྲ་ན་ལྡོག་པར་བྱའོ། དགེ་བའི་ཕྱོགས་ལ་མཐུན་པར་སྤྱོད་ལ། མི་དགེ་བའི་ཕྱོགས་ལ་མི་མཐུན་པར་སྤྱོད་དོ་ཞེས། བླ་མས་གསུངས་པ་ཁག་ལ་བཏགས་དཔྱད་བྱེད་དགོས་པ་གསུངས་མ་གཏོག། བླ་མས་གང་གསུངས་ཚད་སྤྱི་བོར་བླངས་མི་དགོས་པ་གསལ་པོར་གསུངས་པ་བཀའ་གནང་ཡོད་པ་རེད།  
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བླ་མ་དང་དགེ་རྒན་ཚོས་ཚུལ་མིན་གྱི་སྤྱོད་ཚུལ་བྱས་པ་དེས། བླ་མ་སོ་སོའི་ཞབས་འདྲེན་ལྟ་ཅི། དེ་དང་འབྲེལ་བའི་དགོན་པ་དང་དགེ་འདུན་པ་ཁག་གི་མཚན་སྨད་འགྲོ་གཞི་ཡང་ཆགས་ཀྱི་ཡོད་སྟབས། སློབ་མ་ཚོས་བླ་མ་མ་བསྟེན་སྔོན་ངེས་པར་གང་ཟག་དེར་བཏགས་དཔྱད་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་གནང་འདུག་ལ།  ཉེ་ཆར་ནུབ་ཕྱོགས་པའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་བླ་མ་བྱེ་བྲག་པ་ཞིག་གི་བྱ་སྤྱོད་ཐེར་འདོན་བྱས་ཡོད་པ་ཡང་བཀའ་གནང་ཞིང་། དེ་སྔོན་བཞུགས་སྒར་རྡ་རམ་ས་ལར་ནུབ་ཕྱོགས་ནང་གི་བླ་མ་དང་དགེ་རྒན་གྱི་ཚོགས་ཆེན་ཞིག་ཚོགས་པའི་སྐབས་སུ་ཡང་གནད་དོན་འདིའི་ཐད་གླེང་སློང་བྱུང་བ་དང་། དེ་དུས་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བླ་མ་སུ་བསྟེན་མིན་ངེས་པར་བཏགས་དཔྱད་བྱེད་དགོས་པ་དང་། བླ་མ་དང་དགེ་རྒན་འགའ་ཞིག་གི་བྱ་སྤྱོད་ཆོས་དང་མི་མཐུན་པ་བྱེད་ཚེ་གོ་བསྡུར་སློབ་གསོ་བྱེད་དགོས་པ་དང་། ད་དུང་ཡང་མི་ཉན་ཚེ་ཡོངས་གྲགས་ཐེར་འདོན་བྱེད་དགོས་པ་བརྗོད་རྒྱུ་བྱུང་ཅེས་གསུངས་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎