བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་དང་ཁེ་ན་ཌའི་གཙུག་ལག་སློབ་གྲྭ་ཞིག་གི་དབར་སློབ་གསོའི་གོ་རྟོགས་སྤེལ་རེས་ཀྱི་བཀའ་བསྡུར།
༄༅༎བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་དང་ཁེ་ན་ཌའི་སའེ་མེན་ཕེ་རེ་སཱར་གཙུག་ལག་སློབ་གྲྭའི་ཤེས་ཡོན་སྡེ་ཚན་གྱི་འབྲེལ་ཡོད་མཐོ་རིམ་མི་སྣའི་དབར་སློབ་གསོའི་གོ་རྟོགས་སྤེལ་རེས་ཀྱི་མཇལ་མོལ་བཀའ་བསྡུར་གནང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་འདི་ལོ་ཕྱི་ཟླ་གསུམ་པའི་ནང་སའེ་མེན་ཕེ་རེ་སཱར་ཞེས་པའི་ཁེ་ན་ཌའི་གཙུག་ལག་སློབ་གྲྭའི་ཤེས་ཡོན་སྡེ་ཚན་དང་བཙན་བྱོལ་བོད་གཞུང་གི་ཤེས་རིག་ལས་ཁུངས་གཉིས་ནས་ཕན་ཚུན་དབར་སློབ་ཕྲུག་བརྗེ་ལེན་དང་དགེ་རྒན་ལ་ཟབ་སྦྱོང་སྤྲོད་ལེན་ལ་སོགས་པའི་ཤེས་ཡོན་དང་འབྲེལ་བའི་ལས་དོན་སྤེལ་རེས་ཀྱི་གྲོས་མཐུན་ཞིག་བཞག་ཡོད་པ་རེད། ལས་འཆར་འདིའི་འོག་ཟླ་བ་སྔོན་མ་གོང་གསལ་ཁེ་ན་ཌའི་གཙུག་ལག་སློབ་གྲྭའི་ཤེས་ཡོན་སྡེ་ཚན་ནས་དགེ་རྒན་འོས་སྦྱོང་གི་སློབ་མ་གྲངས་བཅུ་དྲུག་དང་དགེ་ལས་གཉིས་བཅས་བཞུགས་སྒར་དུ་ཕེབས་འབྱོར་གནང་ཞིང་དུས་ཡུན་བདུན་ཕྲག་དྲུག་གི་རིང་ཁོང་རྣམས་དང་བོད་རིགས་དགེ་ལས་དབར་བཞུགས་སྒར་ཉེ་འཁྲིས་སུ་ཡོད་པའི་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སམ་སྦོ་ཊ་སྤྱི་ཁྱབ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཅཱོན་རྡ་ར་དང་ཤེས་རབ་དགའ་ཚལ་གླིང་དེ་བཞིན་མེས་དབོན་གཙུག་ལག་སློབ་དཔེ་སྟོན་སློབ་གྲྭ་བཅས་ནང་སློབ་འཁྲིད་གནང་ཕྱོགས་ཐད་ལྟ་གྲུབ་ཀྱི་གོ་རྟོགས་སྤེལ་རེས་དང་ཡང་དངོས་སུ་འཛིན་ཁང་ནང་སློབ་འཁྲིད་གནང་རྒྱུ་དེ་བཞིན་སློབ་འཁྲིད་གནང་ཕྱོགས་ལ་རྟོགས་ཞིབ་ཀྱི་ཟབ་སྦྱོང་བརྒྱུད་ནས་མྱོང་ཚོར་སྤེལ་རེས་བྱུང་ཡོད་པ་རེད། ཟབ་སྦྱོང་གི་དུས་ཡུན་དེའི་རིང་གོང་གསལ་ཁེ་ན་ཌའི་གཙུག་ལག་སློབ་གྲྭའི་ཤེས་ཡོན་སྡེ་ཚན་གྱི་དགེ་ལས་ལྕམ་སྐུ་མེ་ཊི་དང་སྐུ་ཞབས་ཇེམ་སི་ཨོ་རོཀ་རྣམ་གཉིས་ནས་ས་ར་རིག་གནས་སློབ་གྲྭའི་ཚོགས་ཁང་ནང་ཁེ་ན་ཌའི་གཙུག་ལག་སློབ་གྲྭའི་དགེ་རྒན་འོས་སྦྱོང་གི་སློབ་མ་དང་བོད་རིགས་དགེ་ལས་རྣམ་པ་ཚོར་སློབ་གྲྭའི་ནང་སློབ་འཁྲིད་གནང་སྐབས་བྱེད་ཐབས་མི་འདྲ་བའི་སྐོར་ཟབ་སྦྱོང་ཐེངས་གཉིས་གནང་ཡོད་པ་དང་ཕྱོགས་མཚུངས་ཟབ་སྦྱོང་གི་དུས་ཡུན་རིང་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཁེ་ན་ཌའི་དགེ་རྒན་འོས་སྦྱོང་གི་སློབ་མ་རྣམས་ལ་བཙན་བྱོལ་བོད་གཞུང་གི་མ་ལག་ལས་ཁུངས་དང་བོད་གཞུང་ཟློབ་སྒར་ཚོགས་པ་ བོད་ཀྱི་དཔེ་མཛོད་ཁང་ སྨན་རྩིས་ཁང་དང་ནོར་བུ་གླིང་ཁ་བཅས་སུ་ལྟ་སྐོར་གོ་སྒྲིག་ཞུས་གནང་འདུག ཁ་ས་ཚེས་གསུམ་ཉིན་ཁེ་ན་ཌའི་སློབ་མ་ཚོའི་བཞུགས་སྒར་ནང་བདུན་ཕྲག་དྲུག་རིང་སློབ་གསོའི་ལས་དོན་སྤེལ་རེས་ཀྱི་ལས་འཆར་མཇུག་སྒྲིལ་ཡོད་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
མདོ་སྨད་ཕྱོཊ་སུ་རྒྱ་ནག་གཞུང་གི་ལས་བྱང་བཅག་ཡོད་པ།
རྒྱ་གཞུང་གིས་བོད་ཡིག་དགེ་རྒན་ཚོར་ཉེས་ཆད་བཀལ་བ།
ཁྲིམས་དཔོན་དམ་པ་སོ་ནྰ་ལི་སྦན་རྡིའི་དྲན་རྟེན།
བོད་དོན་ཐོག་ཡོངས་ཁྱབ་སྤྱི་བསྒྲཊ།
བོད་ཀྱི་གནད་དོན་སེལ་ཐབས་མུ་མཐུད་མཐུན་འགྱུར་གནང་འཆར།
རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་དུས་སྟོན་གོ་བསྒྲིགས།