བོད་ནང་བོད་ཀྱི་དངུལ་ཁང་ཞེས་པ་་སྒོ་མོ་ཕྱེ་བའི་སྐོར།

བོད་ནང་དུ་བོད་ཀྱི་དངུལ་ཁང་ཞེས་པ་ཐེངས་དང་པོ་སྒོ་མོ་ཕྱེ་སྟེ་ཚོང་ལས་པ་ཚོར་དངུལ་བུན་གཏོང་རྒྱུའི་དམིགས་ཡུལ་ཡིན་པའི་སྐོར་གནས་ཚུལ།

༄༅༎བོད་ནང་དུ་བོད་ཀྱི་དངུལ་ཁང་ཞེས་པ་ཐེངས་དང་པོ་སྒོ་མོ་ཕྱེ་སྟེ་ཚོང་ལས་པ་ཚོར་དངུལ་བུན་གཏོང་རྒྱུའི་དམིགས་ཡུལ་ཡིན་པའི་སྐོར་དེ་རིང་རེས་གཟའ་མིག་དམར་ཉིན་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

ད་དུང་ཤིང་ཧྰ་གསར་ཤོག་དེའི་ཐོག་གནས་ཚུལ་སྤེལ་བའི་ནང༌། བོད་ཀྱི་དངུལ་ཁང་ཟེར་བ་ཐེངས་དང་པོ་དེ་རིང་རེས་གཟའ་མིག་དམར་ཉིན་སྒོ་མོ་ཕྱེ་པ་དང༌། དེ་ཡི་དམིགས་ཡུལ་ནི། ཚོང་ཆུང་དང་ཚོང་འབྲིང་རྒྱག་མཁན་གྱི་ཚོང་པ་ཚོར་དངུལ་བུན་གཡར་གཏོང་སྟབས་བདེ་ཡོང་བ་མ་ཟད། བོད་ས་ཁུལ་གྱི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་ཀྱི་ཆེད་དུ་དང༌། ལྷག་དོན་བོད་ཀྱི་དངུལ་ཁང་དེ་ཡིས། བོད་ས་ཁུལ་ནང་གི་དཔལ་འབྱོར་ཙམ་མ་ཡིན་པར་སྤྱི་ཚོགས་འཛུགས་སྐྲུན་ཡར་རྒྱས་ཀྱི་ལ་དམིགས་པའི་ཁར། དཔལ་འབྱོར་གྱི་ལས་དོན་ཁག་ཚགས་ཚུད་ཡར་རྒྱས་གཏོང་ཐབས་དང༌། དཔལ་འབྱོར་གྱི་ལས་དོན་ཞབས་ཞུ་ཁག་ཡོངས་སུ་ཁྱབ་ཐུབ་པའི་ཆེད་དུ་ཡིན་པ་བཀོད་ཡོད་པ་རེད། དེ་ཡང་བོད་ཀྱི་དངུལ་ཁང་ཟེར་བའི་འགོ་ཁྲིད་པདྨ་ཚེ་དབང་གིས། བོད་ཀྱི་དངུལ་ཁང་དེ་ནས་ཚོང་ལས་གཞི་རྒྱ་ཆེན་པོ་བྱེད་མཁན་མ་ཡིན་པའི་ཚོང་ཆུང་དང་ཚོང་པ་འབྲིང་བ་ཚོར་དངུལ་ཁང་གཞན་ལས་དངུལ་གྱི་བུན་ལོན་གཡར་རྒྱུ་སྟབས་བདེ་ཡོང་བའི་ཆེད་དུ་ཡིན་ལུགས་དང༌། ༢༠༡༠ ལོར་རྒྱ་ནག་དབུས་གཞུང་གི་ཚོགས་འདུའི་ཐོག་བོད་ཀྱི་ས་ཁུལ་ནང་ཚོང་ལས་ཐོག་ཕན་ཐོགས་སྐྲུན་ཐུབ་པའི་བོད་ཀྱི་དངུལ་ཁག་ཞིག་འཛུགས་རྒྱུའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་པ་ལྟར། དངུལ་ཁང་དེ་ཡིས་བོད་ནང་ཞི་བདེ་དང་བརྟན་ལྷིང་ཡར་རྒྱས་རྒྱུན་གནས་ཐུབ་པར་རོགས་སྐྱོར་བྱ་རྒྱུའི་ཆེད་དུ་ཡིན་པའི་སྐོར་བཤད་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད།