༄༅༎བོད་མིའི་མང་གཙོའི་དུས་ཆེན་དང་སྟབས་བསྟུན་སྦུར་ཡཏ་དང་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུཌ་གནང་ཡོད་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་མང་གཙོའི་ལམ་བཟང་གསོལ་རས་བསྩལ་ཏེ་མི་ལོ་ཧྲིལ་པོ་༥༢་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་ཉིན་མོ་དང་སྟབས་བསྟུན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འདི་ལོིའི་འཁྲུངས་སྐར་དུས་ཆེན་ཉིན་བོད་ནང་གི་ཛ་དྲག་གནས་སྟངས་འཛམ་གླིང་གཞུང་མང་གཉིས་ལ་བརྡ་ལན་གོ་རྟོགས་གསལ་པོ་ཞིག་སྤྲོད་རྒྱུ་མ་ཟད། དོན་ཚན་ཁག་གསུམ་ཐོག་རྒྱལ་སྤྱིའི་སྒྲིག་འཛུགས་ནས་རྒྱབ་སྐྱོར་གྱི་འབོད་སྐུལ་ཐོབ་ཆེད་ཐོག་མར་རྒྱ་གར་ནང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་བོད་དོན་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དབུ་འཛུགས་གནང་ཡོད། དེ་རྗེས་འདི་ལོ་ཕྱི་ཟླ་༩པའི་ཚེས་༢་ཉིན་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་འདི་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནང་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུཌ་གནང་རྒྱུའི་འཆར་གཞི་ལྟར་ཉིན་དེར། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྦུར་ཡཏ་དང་ཁལ་མུག་ཀི་ཡའི་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དངོས་སུ་དབུ་འཛུཌ་གནང་ཡོད་པ་རེད། དེ་ཡང་ཉིན་དེར་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ནས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་སྐུ་ཞབས་དགེ་བཤེས་ལྷག་རྡོར་ལགས་དང་རྒྱལ་ས་མོ་སི་ཁོའར་རྟེན་གཞི་བྱས་པའི་བོད་སྐྱོབ་ཐེབས་རྩ་ཁང་གི་འགན་འཛིན་ལྕམ་ཇི་ལི་ཡའ་ཇི་རོན་ཀི་ན་ལགས། དེ་བཞིན་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཏེ་ལོ་རིན་པོ་ཆེ་མཆོག་ ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་བཅས་ཀྱིས་བདེན་པའི་མེ་ལྕེ་ཕྱག་ཏུ་བསྣམས་ཏེ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཁལ་མུག་ཀི་ཡའི་ནང་དུ་སྐོར་བསྐྱོད་གནང་ཡོད་པ་དང་། ཕྱོགས་མཚུངས་རྒྱལ་ས་མོ་སི་ཁོའོ་ནས་ཉིན་དེར་བདེན་པའི་མེ་ལྕེ་དེ་བཞིན་རྒྱལ་ས་མོ་སོ་ཁོའོིར་རྟེན་གཞི་བྱེད་པའི་བོད་ཁང་གི་འཛིན་གཞོན་པ་ལྕམ་ནེ་ཌ་བྷར་ཀེན་ཇེམ་ལགས་ཀྱིས་བྷུར་ཡའི་རྒྱལ་ས་ཨུ་ལན་ཨུ་ཌིའི་གནམ་ཐང་ནས་ཁུལ་དེར་རྟེན་གཞི་བྱེད་པའི་སྒྲོལ་ལྗང་ནང་པའི་ཆོས་ཚོགས་ཀྱི་དགེ་བཤེས་བྱམས་པ་འཕྲིན་ལས་ཀྱིས་གཙོས་ཡུལ་དེར་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གི་སྐུ་ཚབ་རྣམས་དང་། ཁུལ་དེའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ངག་དབང་བསྟན་འཛིན་ལགས་བརྒྱུད་རྩིས་སྤྲོད་གནང་ཡོད་འདུག ཕྱི་ཚེས་བདུན་ཉིན་བདེན་པའི་མེ་ལྕེ་དེ་བཞིན་ཐུ་ཝ་སྤྱི་མཐུན་རྒྱལ་ཁབ་ཏུ་སྐོར་བསྐྱོད་གནང་འཆར་ཡོད་འདུག།
