༄༅༎ཕི་རན་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་དང་མི་དམངས་རྣམས་ཀྱིས་བོད་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༡སྲུང་བརྩི་ཞུས་པ་དང་སྦྲག་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་སྟོན་གནང་ཡོད་པ་རེད་ ཕི་རན་སི་ནང་གི་དུས་དྲན་དེ་རྒྱལ་ས་པེ་རིསི་ཀྱི་པེ་ལེ་སི་དྲུ་ཀྲོ་རོ་ཁ་ཌེ་རོ་ཞེས་པའི་ས་གནས་དེར་གནང་ཡོད་ཅིང་ སྐབས་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་མི་གྲངས་༤༠༠སྐོར་ཞིག་གིས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་རྗེས་དྲན་ཆེད་མྱ་ངན་གུས་བཏུད་སྐར་མ་གཅིག་རིང་གནང་ཡོད་པ་རེད་ བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གནང་རྗེས་ཕིརན་སི་ནང་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ལས་ཁང་གི་ལས་བྱེད་དབང་པོ་འབའ་ཞི་ལགས་ཀྱིས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་གནང་བའི་གསུང་འཕྲིན་སྒྲོག་སྦྱང་གནང་ཡོད་པ་རེད་དེ་རྗེས་ཕི་རན་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ལི་ཡོ་ནེལ་ལུ་ཀ་མཆོག་གིས་གསུང་བཤད་གནང་བའི་ནང་བོད་ནང་རྒྱ་ནག་གིས་བཙན་འཛུལ་དང་དྲག་གནོན་བྱས་དང་བྱེད་བཞིན་པ་དེར་སྐྱོན་བརྗོད་ཤུགས་ཆེ་དང་ཕིརན་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་ཕིརན་སི་མི་མང་རྣམས་བོད་མིར་གདུང་སེམས་མཉམ་སྐྱེད་ཡོད་སྐོར་གསུང་ཡོད་པ་རེད་ ཁོང་གིས་ཕིརན་སི་ནང་བོད་ནང་གི་གྲོང་སྡེ་དང་གྲོང་གསེབ་ཁག་ངོས་འཛིན་ནས་ཕིརན་མི་མང་གིས་བོད་ཐོག་རྒྱབ་བསྐྱོར་དེ་སྔར་བས་ལྷག་པའི་ཤུགས་ཆེ་རུ་གཏོང་རྒྱུའི་ལས་གཞི་གསར་པ་ཞིག་སྤེལ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད་ ཡང་ཁོང་གིས་ཕིརན་ནང་གི་སྲིད་དོན་པ་ཁག་ཅིག་གིས་རྒྱ་ནག་ནས་དྲིལ་བསྒྲགས་བྱས་པའི་རྫུན་གཏམ་བསྐྱར་ཟློས་བྱེད་ཀྱི་ཡོད་པ་དེར་སྐྱོན་བརྗོད་གནང་ཡོད་པ་རེད་ དེ་བཞིན་ཕིརན་གྲོས་ཚོགས་ཀྱི་འཐུས་མི་དང་རྒྱལ་ས་པེ་རིས་ཀྱི་རྫོང་ཨང་གྲངས་༡༡པའི་རྫོང་དཔོན་སྐུ་ཞབས་པེ་ཀྲི་རིཀ་སྦོ་ལོ་ཤེ་ཡིས་རང་དབང་ཅན་གྱི་ཡུལ་ཁག་ཚོས་བོད་ཀྱི་དཀའ་རྙོག་དེ་མ་སེལ་བར་རྒྱ་ནག་དམར་པོའི་གཞུང་གི་འགོ་འཁྲིད་རྣམས་བསུན་བཙིར་བཟོ་རྒྱུ་དེ་མཚམས་བཞག་ན་མི་འགྲིག་ཅེས་གསུང་འདུག ཁོང་གིས་ཕིརན་སི་ནང་བོད་དོན་ཐོག་རྒྱབ་སྐྱོར་དེ་ནི་ཧ་ཅང་གི་ཆེན་པོ་ཡོད་པའི་མངོན་རྟགས་དེ་ཕིརན་སི་གྲོང་སྡེ་ཁག་༦༠༠ལྷག་གི་ལས་ཁུངས་སྟེང་བོད་ཀྱི་རྒྱལ་དར་འགྲེང་འཛུགས་གནང་ཡོད་པ་རེད་ཅེས་གསུང་འདུག གཞན་ཡང་ཕིརན་སིའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་ཇོན་པེ་ཀྲི་རིཀ་ཇི་ལེ་སི་དང་ཇའཁ་སྦོ་ཀྲོལ་ཀྲི་དང་ཕི་རན་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་བཅས་པས་དུས་དྲན་ཐོག་གསུང་བཤད་གནང་ཡོད་པ་རེད་
