༄༅༎རེས་གཟའ་མིག་དམར་ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་ཡོད་པའི་རྒྱ་གར་གྱི་མཁའ་དབྱིངས་ལས་དོན་ཞིབ་འཇུག་ལྟེ་གནས་ཁང་གི་ཕྱི་ཕྱོགས་སུ་མི་གཉིས་ཀྱིས་སྲུང་སྐྱོབ་མི་སྣའི་ཐོག་མེ་མདའ་བརྒྱབ་ཡོད་པའི་གནས་ཚུལ་ཐོན་འདུག འོན་ཀྱང་དོན་རྐྱེན་འདི་འཇིགས་སྐུལ་དྲག་སྤྱོད་པའི་ལས་འགུལ་དང་འབྲེལ་བ་ཡོད་མེད་ད་ལྟ་ལབས་ཚོད་མ་ཐིག་པ་ཡིན་པ་རེད།
རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱིས་གྲོང་ཁྱེར་སྦེང་ལོར་ནང་ཡོད་པའི་མཁའ་དབྱིངས་ཞིབ་འཇུག་ལྟེ་གནས་ཁང་དེ་ནི་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་བྱ་རྒྱུའི་དམིགས་ཚད་ཀྱི་ནང་ཡོད་པ་ངོས་འཛིན་གནང་གི་ཡོད་འདུག་ལ་ལྷག་པར་དུ་དྲག་སྤྱོད་པས་གཏོར་རྒོལ་འབྱུང་རྒྱུའི་ཉེན་ཁ་ཡོད་པའི་གནས་ཚུལ་ལག་ཐོབ་རྗེས་སྲུང་སྐྱོབ་ཀྱི་ལས་གཞི་ཕར་སྣོན་བྱས་ཡོད་འདུག།
བྷེང་ལོར་གྲོང་ཁྱེར་གྱི་ཉེན་རྟོག་པས་དྲག་རྒོལ་གྱི་ལས་དོན་འདི་འཇིགས་སྐུལ་དྲག་སྤྱོད་དང་འབྲེལ་བ་ཡོད་མེད་ད་ལྟ་བརྗོད་ཐུབ་ཐབས་མེད་ལུགས་འགྲེལ་བརྗོད་བྱས་ཅིང་ཡང་རྒྱ་གར་དབུས་ནང་སྲིད་བློན་ཆེན་པི་ཆི་རྡམ་སྦ་རམ་གྱིས་དྲག་རྒོལ་བ་མི་གཉིས་པོ་དེས་སྒྲིག་ཆས་གྱི་གྱོན་ཆས་ཞིག་གྱོན་ཡོད་འདུག་པ་དང་ དྲག་རྒོལ་བྱས་པའི་ཐུང་མདའ་དེ་གཉིས་ཀྱང་རྒྱ་གར་ནང་བཟོས་པ་ཞིག་ཡིན་སྲིད་པས་དང་ཐོག་ང་ཚོས་མི་དེ་གཉིས་པོ་དེ་སུ་ཡིན་མིན་རྩད་དཔྱོད་བྱེད་དགོས་ཀྱི་རེད་ གང་ལྟར་དྲག་རྒོལ་འདི་འཇིགས་སྐུལ་དྲག་སྤྱོད་པའི་ལས་འགུལ་དང་འབྲེལ་བ་ཡོད་མེད་གང་ཞིག་ཡིན་ཡང་གནས་ཚུལ་གསལ་ཁ་མ་བྱུང་བར་ང་ཚོས་དོན་རྐྱེན་འདི་དྲག་རྒོལ་ཙམ་དུ་ངོས་འཛིན་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག།
