སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་ཐོག་ལྔ་པ་གཏན་འཁེལ་བྱུང་བ།

སྔ་འགྱུར་རྙིང་མའི་དབུ་འཛིན་ལྔ་པ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་ལ་གསོལ་འདེབས་སྙན་སེང་ཨུ་ནན་ཞུས་པ་ལྟར་ཞལ་བཞེས་ལེགས་ཐོབ།

༄༅༎བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་འཁོད་པར་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་ཐོག་བཞི་པ་སྐྱབས་རྗེ་སྨིན་གླིང་རིན་པོ་ཆེ་དགོངས་པ་གཞན་དོན་དུ་ཕེབས་ནས་གནས་དུས་ཀྱིས་རྐྱེན་པས་དབུ་འཛིན་གསར་པ་ད་ལྟ་བར་ཐུགས་གཏན་འཁེལ་བ་བྱུང་མེད་ ཉེ་སྔོན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་པོ་ཐེངས་༢༡འི་སྐབས་གནས་མཆོག་རྡོ་རྗེ་གདན་དུ་རྙིང་མའི་དགོན་ཆེ་ཁག་གི་བླ་ཆེན་ཁག་དང་བླ་ཆེན་ཁག་གི་སྐུ་ཚབ་ རྙིང་མའི་སྤྱི་འཐུས་ སྨོན་ལམ་འགན་འཛིན་ལྷན་ཚོགས་བཅས་ལྷན་འཛོམས་ཀྱིས་བཀའ་བསྡུར་ཐག་གཅོད་གནང་བར་ རྙིང་མའི་བླ་ཆེན་སྐྱབས་རྗེ་སྐུ་བགྲེས་བཞི་ལ་སྙན་སེང་གིས་ཐུགས་འགན་མཚན་བཞེས་སུས་མཛད་རོགས་གནང་ན་ཡང་སློབ་འབངས་རྣམས་ལ་ཁྱད་པར་གཏན་ནས་མེད་པ་དང་སྐྱབས་རྗེ་རྣམ་པ་བཞི་ལ་རྙིང་མ་སྤྱི་ནས་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ་བཅས་ཐུགས་མཐུན་བྱུང་ཡོད་ཅིང་ སྙན་སེང་ཞུ་སྟངས་དགུང་ན་བགྲེས་གཞོན་ལྟར་ཞུ་གནང་རྒྱུ་གནང་བས་ དང་པོ་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་དང་ སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་ སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ་མཆོག་ སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་རྣམ་པ་བཞི་ལ་རིམ་པས་སྙན་སེང་ཞུ་རྒྱུ་གནང་བ་ལྟར་དང་པོ་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་ལ་གསོལ་འདེབས་ཞུས་པས་ཞལ་བཞེས་གནང་ཐོབ་མ་བྱུང་བ་དང་ཞུ་ཡུལ་གཉིས་པ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་ལ་གསོལ་འདེབས་སྙན་སེང་ཨུ་ནན་ཞུས་པ་ལྟར་ཞལ་བཞེས་ལེགས་ཐོབ་བྱུང་བ་འཁོད་འདུག