འཕྲོད་བསྟེན་བཀའ་བློན་གྱིས་གཞིས་ཆགས་ཁག་ཏུ་འཚམས་འདྲི།

བོད་གཞུང་གི་འཕྲོད་བསྟེན་བཀའ་བློན་མཆོག་བལ་ཡུལ་དུ་ཡོད་པའི་བོད་མི་གནས་སྡོད་བྱེད་ཡུལ་གྱི་གཞིས་ཆགས་ཁག་ཏུ་འཚམས་འདྲིར་ཕེབས་པ།

༄༅༎བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གི་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་ལགས་བལ་ཡུལ་དུ་ཡོད་པའི་བོད་མི་གནས་སྡོད་བྱེད་ཡུལ་གྱི་གཞིས་ཆགས་ཁག་ཏུ་འཚམས་འདྲི་གནང་བར་རེས་གཟའ་ཉི་མའི་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཕེབས་ཐོན་གནང་ཡོད་པའི་སྐོར་འཕྲོད་བསྟེན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ཡོད་པ་རེད།

འཕྲོད་བསྟེན་བཀའ་བློན་མཆོག་བལ་ཡུལ་དུ་འཚམས་འདྲིར་ཕེབས་ལམ་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཕྱི་ཚེས་བདུན་དང་བརྒྱད་ཉིན་གྲངས་གཉིས་རིང་འཚམས་འདྲི་གནང་སྟེ་ལྡི་ལིའི་ནང་དུ་ཡོད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་དུ་སྨན་པ་དང་འཕྲོད་བསྟེན་ཞབས་ཞུ་བ། སྨན་གྱི་སློབ་ཕྲུག་སོགས་ལ་བཀའ་སློབ་གནང་རྒྱུའི་མཛད་འཆར་ཡོད་པ་དང་དེ་རྗེས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུར་ཕེབས་ཐོན་གྱིས་ཕྱི་ཚེས་བཅུ་ནས་ཉིན་གྲངས་ལྔའི་རིང་བལ་ཡུལ་གྱི་རྒྱལ་སའི་ཁུལ་ཡོད་པའི་ཇ་ལྦ་ལ་ཁེལ་དང་འཕགས་པ་ཤིང་ཀུན། མཆོད་རྟེན་བྱ་རུང་ཁ་ཤོར་བཅས་བོད་མི་གནས་སྡོད་བྱེད་ཡུལ་གྱི་གཞིས་ཆགས་ཁག་དེ་དག་ནང་གི་སྤྱིར་བཏང་གི་བོད་མི་ཚོའི་འཕྲོད་བསྟེན་དང་འཚོ་རྟེན་གྱི་གནས་སྟངས་ལ་རྟོགས་ཞིབ་གནང་རྒྱུ་དང་གཞིས་ཆགས་ཁག་དེ་དག་གི་སྐུ་ཚབ་རྣམས་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད། ལྷག་པར་དུ་བལ་ཡུལ་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དཔོན་རིགས་རྣམས་དང་འཛམ་གལིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་དཔོན་རིགས། གཞན་ཡང་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་གི་ཕྱི་འབྲེལ་སྐུ་ཚབ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་དང་མཇལ་འཕྲད་གནང་རྒྱུ་ཡིན་ཞིང༌། དེ་རྗེས་ཕྱི་ཚེས་བཅུ་དྲུག་ནས་ཉི་ཤུ་གཉིས་བར་གཟའ་འཁོར་གཅིག་རིང་བལ་ཡུལ་རྒྱལ་ས་ནས་ལྷོ་ཕྱོགས་སུ་ཡོད་པའི་བོད་མི་གནས་སྡོད་བྱེད་ཡུལ་པོ་ཀ་ར་བཀྲིས་དཔལ་དཀྱིལ་དང་རྣམ་རྒྱལ་གླིང་གཙོས་པའི་བོད་མིའི་གཞིས་ཆགས་ཁག་བཞིའི་ནང་འཚམས་འདྲི་གནང་རྒྱུ་དང་དེ་རྗེས་ཕྱི་ཚེས་ཉི་ཤུ་གསུམ་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱིར་ལོག་གིས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སྦེང་ལོར་གྲོང་ཁྱེར་དུ་འཚམས་འདྲིར་ཕེབས་ཐོན་གནང་སྟེ་གྲོང་ཁྱེར་དེའི་ནང་དུ་ཡོད་པའི་སྨན་གྱི་མཐོ་སློབ་ཁག་ཏུ་འཚམས་འདྲིར་ཕེབས་རྒྱུ་དང་མཐོ་སློབ་ཁང་གི་དཔོན་རིགས་ཀྱི་ལྷན་དུ་འཕྲོད་བསྟེན་གྱི་གནས་སྟངས་དང་ནད་རིགས་སྔོན་འགོག་བྱ་ཕྱོགས་ཐད་ལ་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད། དེ་རྗེས་ཕྱི་ཚེས་སུམ་ཅུ་ཉིན་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ལོག་ཕེབས་ཀྱི་ཡོད་པ་རེད།