ཧི་མ་ཅལ་སྤྱི་ཁྱབ་བློན་ཆེན་མཆོག་ནས་བསྔགས་བརྗོད།

བོད་མི་ཚོས་མང་གཙོ་ལོངས་སུ་སྤྱོད་རྒྱུ་བྱུང་བ་དེ་ནི་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལས་བྱུང་བ་ཞིག་ཡིན་པ་གསུངས།

༄༅༎ཕྱི་ཟླ་ ༩ ཚེས་ ༢ ཉིན། བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་མིའི་མང་གཙོ་ལམ་ལུགས་དབུ་བརྙེས་ནས་མི་ལོ་ ༥༡ འཁོར་བའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ པེརམ་ཀུ་མར། རྡུ་མཱལ་མཆོག་ཆེད་ཕེབས་གནང་ཞིང༌། ཁོང་གིས་བོད་མི་ཚོས་ཐོག་མར་ ༡༩༦༠ཐམ་པའི་ལོར་མི་མང་གིས་འོས་འདེམས་བྱས་པའི་སྤྱི་འཐུས་ཀྱི་དམ་བཅའ་ཕུལ་ཏེ་མང་གཙོ་དབུ་བརྙེས་པའི་བྱུང་རབས་ཀྱི་ལོ་རྒྱུས་ནི་ཧ་ཅང་གལ་ཆེ་ཞིག་ཡིན་པ་དང་། ལོ་ངོ་ ༥༡ རིང་བོད་མི་ཚོས་མང་གཙོ་ལོངས་སུ་སྤྱོད་རྒྱུ་བྱུང་བ་དེ་ནི་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལས་བྱུང་བ་ཞིག་ཡིན་པ་གསུངས་ཡོད་པ་རེད།

ད་དུང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་རྒྱུས་ཐོག་གི་ཆབ་སྲིད་ཀྱི་༧སྐུ་དབང་ཡོངས་རྫོགས་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བའི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་ལ་རྩིས་སྤྲོད་མཛད་གནང་མཛད་པ་དང་། ང་དང་ངའི་ལས་རོགས་ཡོངས་ནས་བཀའ་ཁྲི་མཆོག་གིས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མཆོག་གི་དགོངས་བཞེད་གྲུབ་ཐུབ་པ་ཞིག་ཡོང་རྒྱུའི་རེ་བ་དང་སྨོན་ལམ་ཞུ་བཞིན་ཡོད་པར་མ་ཟད། ཡིད་ཆེས་ཀྱང་ཞུ་གི་ཡོད་ཅེས་གསུངས་པ་དང༌། ལྷག་པར་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་རྡུ་མལ་མཆོག་གིས། ༧སྐྱབས་མགོན་ཏཱ་ལའི་བླ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ལ་རྩིས་སྤྲོད་མཛད་དེ་མང་གཙོ་སྲ་བརྟན་ཞིག་བསྐྲུན་གནང་མཛད་པ་དེས། ཏཱ་ལའི་བླ་མ་མཆོག་གི་སྐུ་སྒེར་གྱི་སྒྲིག་འཛུགས་སྔར་བས་སྲ་བརྟན་དང་ཆེ་མཐོང་ཆེ་རུ་ཕྱིན་ཡོད་པ་གསུངས་འདུག།