༧གོང་ས་མཆོག་གིས་ཞི་བདེའི་དེད་དཔོན་གཉིས་དང་མཇལ་འཕྲད།

༧གོང་ས་མཆོག་གིས་ཤི་ཁ་གོ་རུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་༡༢པར་ཆེད་བཅར།

༄༅༎༧གོང་ས་མཆོག་གིས་ཤི་ཁ་གོ་རུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༡༢ པར་ཆེད་བཅར་ཞུས་པའི་པོའོ་ལེནདྲ་སྲིད་འཛིན་ཟུར་པ་ལེཀ་ལྦ་ལེ་ས་མཆོག་དང་ཨུ་རུ་སུའི་སྲིད་འཛིན་ཟུར་པ་སྐུ་ཞབས་མི་ཀེལ་གོར་བ་ཆེལྦ་བཅས་དང་མཇལ་འཕྲད་མཛད་འདུག་༎
མཇལ་འཕྲད་དེའི་སྐབས་གོང་ས་མཆོག་གིས་པོའོ་ལེནདྲ་སྲིད་འཛིན་ཟུར་པ་ལྦ་ལེ་ས་མཆོག་གིས་སྲིད་དབང་གཅིག་སྡུད་དབང་འཛིན་ལ་གདོང་ལེན་གནང་བའི་བྱས་རྗེས་ལ་བསྔགས་བརྗོད་མཛད་པ་དང་ དེ་བཞིན་ཨུ་རུ་སུའི་སྲིད་འཛིན་ཟུར་པ་སྐུ་ཞབས་གོར་སྦ་ཆེལྦ་དང་མཇལ་འཕྲད་སྐབས་ སྐུ་ཞབས་གོར་སྦ་ཆེལྦ་གི་འབད་བརྩོན་ལ་བརྟེན་ནས་ རྒྱལ་སྤྱིའི་ཐོག་བཟང་ཕྱོགས་ཀྱི་གཡོ་འགུལ་ཐེབས་པའི་ཤུགས་རྐྱེན་གྱི་མཛད་རྗེས་ལ་ཆེ་བསྟོད་ཞུས་གནང་མཛད་ཡོད་པ་རེད་་་གོང་ས་མཆོག་གིས་གོང་གསལ་ནོ་བེལ་ཞི་བདེའི་དེད་དཔོན་རྣམ་པ་ཚོ་དང་མཇལ་འཕྲད་སྐབས་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཀྱང་ལྷན་བཅར་ཞུས་ཡོད་འདུག་ བཀའ་བློན་ཁྲི་པ་མཆོག་གིས་ ཚེས་༢༤ཉིན་ ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ ལྷོ་ཨབ་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཌི་ཀ་ལཀ་དང་ ཨ་རིའི་ལྕམ་སྐུ་ཇོ་ཌི་ལྦི་ལིཡེམ་ ཨི་རན་གྱི་ལྕམ་སྐུ་ཤེ་རིན་ཨི་སྦ་ཌི་བཅས་དང་ཟུར་མཇལ་གནང་ཡོད་པ་དང་ དེ་བཞིན་ལྷན་ཚོགས་ཀྱི་མཇུག་བསྡོམས་ཉིན་ ད་ལྟའི་བོད་ནང་གི་གནད་སྟངས་དང་ རྡ་སར་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་འཕོ་འགྱུར་སྐོར་གསུང་བཤད་གནང་ཡོད་པ་མ་ཟད་ ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་བུད་མེད་ཚོས་གོ་སྒྲིག་ཞུས་པའི་ལྷན་ཚོགས་ཤིག་ཏུ་ཕེབས་ཏེ་ འཁྲུག་རྩོད་ནང་ཚུད་པའི་བུད་མེད་ཚོར་ བཙན་གཡེམ་དང་བརྙས་བཅོས་འགོག་ཐབས་ཀྱི་བརྗོད་གཞི་དང་འབྲེལ་བའི་ཐོག་གསུང་བཤད་གནང་ཡོད་པ་རེད་ དེ་རིང་བཀའ་ཁྲི་མཆོག་གིས་ཤི་ཁ་གོ་གྲོང་ཁྱེར་གྱི་ས་གནས་བོད་མི་ཚོར་གསུང་བཤད་གནང་རྒྱུ་ཡིན་འདུག་ ཡང་ཁ་ས་ཚེས་༢༥ཉིན་ཤི་ཁ་གོ་གྲོང་ཁྱེར་རུ་ཞི་བདེའི་དེད་དཔོན་གྱི་ལྷན་ཚོགས་ཐོག་༸གོང་ས་མཆོག་གིས་མཛད་རིམ་ནང་ ཕྱི་དྲོ་འཚེ་བ་མེད་པའི་འཛམ་གླིང་ཞི་བདེ་སྐྲུན་རྒྱུར་སེམས་ཤུགས་ནམ་ཡང་མ་ཆག་ཅེས་པའི་བརྗོད་གཞིའི་བགྲོ་གླེང་ལྷན་ཚོགས་ཐོག་ལྷན་ཞུགས་མཛད་ཡོད་པ་རེད་ བགྲོ་གླེང་དབུ་འཛུགས་མ་གནང་གོང་ ནོ་བེལ་ཞི་བདེའི་དེད་དཔོན་རྣམ་པ་ཚོ་སྡིངས་ཆའི་སྟེང་ལྷན་འཛོམས་ཀྱིས་ ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་ཤོན་པེན་ལགས་སུ་ནོ་བེལ་ཞི་བདེའི་ལྷན་ཚོགས་སྐབས་ ༡༢ པའི་གཟེངས་རྟགས་ཕུལ་ཡོད་པ་དང་ དེ་རྗེས་འབར་མ་མང་གཙོ་དོན་གཉེར་བ་ལྕམ་ཨོང་སན་སུའུ་ཆི་མཆོག་ནས་ལྷན་ཚོགས་སུ་ཆེད་བཅར་ཞུས་པའི་ཞི་བདེའི་དེད་དཔོན་རྣམས་ལ་འཚམས་འདྲི་ཞུས་པའི་བརྙན་འཕྲིན་ཞིག་ཀྱང་གཟིགས་འབུལ་ཞུས་ཡོད་འདུག་༎