༸གོང་ས་མཆོག་རྒྱ་གར་མའ་རྡི་ཡ་པཱར་རྡེ་ཤིར་ཆིབས་བསྒྱུར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་རྡི་ཡ་པར་རྡེ་ཤི་མངའ་ཁུལ་གྱི་རྒྱལ་ས་བོའོ་པཱལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ།

༄༅༎རྒྱ་གར་དབུས་མ་རྡི་ཡ་པར་རྡེ་ཤི་མངའ་སྡེའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་མ་རྡི་ཡ་པར་རྡེ་ཤི་མངའ་ཁུལ་གྱི་རྒྱལ་ས་བོའོ་པལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད།

དེ་རིང་མ་རྡི་ཡ་པར་རྡེ་ཤི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འགྲོ་བ་མིའི་ཐོབ་ཐང་དང་འཛམ་གླིང་ཡོངས་ལ་འཁྲིས་པའི་ཀུན་ཁྱབ་འགན་འཁུར་གྱི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད། གོང་ཞུས་ལྷན་ཚོགས་དེའི་གཙོ་སྐྱོང་གནང་མཁན་མངའ་སྡེའི་སྲིད་སྐྱོང་ར་མེཤ་ཐ་ཀུར་མཆོག་ཡིན་པ་མ་ཟད། མ་རྡི་ཡ་པར་རྡེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཤིལྦ་ར་ཇེ་སིང་མཆོག་གིས་དབུས་པའི་གནད་ཡོད་མི་སྣ་མང་པོ་ཞིག་མཉམ་ཞུགས་གནང་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོའོ་པལ་ཁུལ་གྱི་མཛད་འཆར་རྣམས་གྲུབ་རྗེས་རྒྱལ་ས་ལྡི་ལིར་ཆིབས་ཁ་བསྒྱུར་གནང་རྒྱུ་ཡིན་དང༌། ལྡི་ལིའི་ཁུལ་ཕྱི་ཚེས་༡༨ནས་༢༡བར་ཉིན་གྲངས་བཞི་ཙམ་རིང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་རྒྱུ་དང༌། གསར་འགོད་པ་དང་མཇལ་འཕྲད་གནང་རྒྱུ། དེ་བཞིན་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་བསྐྱང་གནང་མཛད་རྒྱུ་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་དང་ལྷན་མཛད་འཆར་ཡོད་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གནང་འདུག།