ཧོང་ཀོང་གི་དམངས་གཙོ་ལས་འགུལ་བས་ངོ་རྒོལ་སྤེལ་འཆར།

2009-06-30

ཧོང་ཀོང་མང་གཙོའི་ལས་འགུལ་བ་སྟོང་ཚོ་མང་པོས་གཟའ་ལྷག་པ་སྟེ་ཕྱི་ཟླ་བདུན་པའི་ཚེས་གཅིག་ཉིན་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འཆར།

༄༅༎ཧོང་ཀོང་ནང་གི་མང་གཙོའི་ལས་འགུལ་བ་སྟོང་ཚོ་མང་པོས་གཟའ་ལྷག་པ་སྟེ་ཕྱི་ཟླ་བདུན་པའི་ཚེས་གཅིག་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲད་སྟེ་ལོ་ངོ་བཅུ་གཉིས་འཁོར་བའི་དུས་དྲན་གྱི་ཉིན་རྒྱ་ནག་གཞུང་ལ་དམིགས་པའི་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འཆར་ཡོད་འདུག

དབྱིན་ཇིའི་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲད་པའི་དུས་དྲན་གྱི་ཉིན་མོ་འདི་ནི་ཧོང་ཀོང་ནང་གཏན་སྡོད་མང་གཙོ་དོན་གཉེར་བ་གཙོ་བོར་གྱུར་བའི་ཚོགས་སྡེ་མང་པོ་ཞིག་ལ་རྒྱ་ནག་གཞུང་དང་ས་གནས་ཀྱི་འགོ་འཁྲིད་ཚོར་ཁ་གཏད་ཀྱི་ནུས་ཤུགས་བཏོན་རྒྱུའི་གོ་སྐབས་གལ་ཆེ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

འདི་ལོ་ཕྱི་ཟླ་དྲུག་པའི་ཚེས་བཞི་སྟེ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་སློབ་ཕྲུག་གིས་འགོ་འཁྲིད་པའི་མང་གཙོའི་ལས་འགུལ་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་ལོ་ངོ་ཉི་ཤུ་འཁོར་བའི་དྲན་གསོའི་ཉིན་མོ་དེ་ཧོང་ཀོང་ནང་སྲུང་བརྩི་བྱེད་སྐབས་མི་གྲངས་ཆིག་འབུམ་ལྔ་ཁྲི་ཙམ་འདུ་འཛོམས་བྱུང་ཡོད་འདུག

གཟའ་ལྷག་པའི་ཉིན་གྱི་ངོ་རྒོལ་གྱི་ལས་འགུལ་སྐབས་ངོ་རྒོལ་བ་ཁྱོན་ཆེ་ཞིག་འདུ་འཛོམས་ཡོང་རྒྱུར་རེ་བ་བྱེད་བཞིན་ཡོད་ན་ཡང་གོ་སྒྲིག་བྱེད་མཁན་སོ་སོར་ངོ་རྒོལ་བྱེད་པའི་དམིགས་ཡུལ་མི་འདྲ་བ་མང་པོ་ཞིག་ཡོད་སྟབས་འདས་པའི་ཉིན་གྲངས་འགའ་ཤས་རིང་མང་གཙོ་དོན་གཉེར་བ་ཚོས་རྒྱ་ནག་གཞུང་ཕྱོགས་ནས་ཧོང་ཀོང་གི་བཅའ་ཁྲིམས་ལ་འགྱུར་བ་གཏོང་ཐབས་ཀྱི་ལས་དོན་ནར་འགྱང་བྱེད་བཞིན་པ་དང་ས་གནས་གཞུང་གིས་ལས་བྱེད་པའི་གླ་ཕོགས་མཐོ་རུ་མ་བཏང་པ་ལ་ངོ་རྒོལ་ཡོད་པའི་ཐོུང་གི་དམིགས་ཡུལ་མཚོན་ཐབས་ཀྱི་ལས་འགུལ་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་འདུག

ཕྱི་ལོ་ཉིས་སྟོང་གསུམ་ལོའི་ཕྱི་ཟླ་བདུན་པའི་ཚེས་གཅིག་ཉིན་ཁྲོམས་གཞུང་ཐོག་མི་འབུམ་ལྔ་ཙམ་གྱིས་ངོ་རྒོལ་བྱས་ཡོད་ཅིང་སྐབས་དེ་དུས་ནི་ཧོང་ཀོང་གི་དཔལ་འབྱོར་ཉམ་རྒུད་ཕྱིན་པའི་དུས་ཚོད་ཅིག་ཡིན་ལ་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་སྤྱི་ཁྱབ་ཏུ་རྒྱ་ནག་གཞུང་གིས་ཐད་བསྐོས་བྱས་པ་ཏུང་ཆི་ཧུལྦ་ལ་ཧོང་ཀོང་མི་དམངས་ཀྱི་མི་དགའ་བ་ཆེན་པོ་བྱས་པའི་དུས་ཚོད་ཅིག་ཀྱང་ཡིན་པ་རེད། གནད་དོན་དབྱེ་ཞིབ་པ་ཚོས་ད་ལྟའི་ཧོང་ཀོང་གི་གནས་སྟངས་ནི་སྐབས་དེ་དུས་ཀྱི་གནས་སྟངས་ལས་བཟང་བ་ཡོད་པ་དང་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཌོ་ནལཌ་ཙང་ལ་མི་དམངས་ཀྱིས་མི་དགའ་བ་དེ་ཙམ་བྱེད་ཀྱི་མེད་པར་བརྟེན་གཟའ་ལྷག་པའི་ཉིན་ངོ་རྒོལ་དུ་ཡོང་མཁན་གྱི་གྲངས་འབོར་ཡར་ཉིས་སྟོང་གསུམ་ལྟ་བུ་ཡོང་རྒྱུ་མིན་པ་བརྗོད་བཞིན་ཡོད་པ་རེད།

Comments

You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.




གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org