རྒྱ་ནག་གི་དངུལ་ལོར་འཛའ་ཐང་སྤར་ཆ་བྱ་རྒྱུར་རྒྱབ་སྐྱོར།

འཛམ་གླིང་ཡུལ་གྲུ་ཁག་གིས་རྒྱ་མིའི་དངུལ་གྱི་འཛའ་ཐང་སྤར་ཆ་་བྱ་རྒྱུའི་གནོན་ཤུགས་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་གནང་ཡོད་པ་རེད་

༄༅༎རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གི་འགན་འཛིན་ནས་རྒྱ་ནག་མི་མང་ཤོག་སྒོར་གྱི་རིན་ཐང་ཧ་ཅང་གི་དམའ་པོ་ཡིན་པ་གསུངས་ཏེ་འཛམ་གླིང་ཡུལ་གྲུ་ཁག་གིས་རྒྱ་མིའི་དངུལ་གྱི་འཛའ་ཐང་སྤར་ཆ་་བྱ་རྒྱུའི་གནོན་ཤུགས་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་གནང་ཡོད་པ་རེད་ རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གི་འགན་འཛིན་ཌོ་མི་ནིཁ་སི་ཀྲོ་རོ་སི་ཀའན་གྱིས་གཟའ་ལྷག་པའི་ཉིན་སྦ་ར་སེལ་སི་ནང་ཡོད་པའི་ཡོ་རོབ་གྲོས་ཚོགས་ཀྱི་དཔལ་འབྱོར་ལྷན་ཁང་ནང་གསུང་བཤད་གནང་བའི་སྐབས་གསུངས་ན་ རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་ཆ་ནས་ མི་མང་ཤོག་སྒོར་གྱི་འཛའ་ཐང་ཧ་ཅང་གི་དམའ་པོ་ཡིན་པ་དང་མི་མང་ཤོག་སྒོར་གྱི་འཛའ་ཐང་སྤར་ཆ་བྱ་རྒྱུ་དེས་རྒྱལ་སྤྱིའི་དཔལ་འབྱོར་ཁྱོན་ཡོངས་ཀྱི་གནས་སྟངས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པར་བརྟེན་མི་མང་ཤོག་སྒོར་གྱི་འཛའ་ཐང་སྤར་ཆ་བྱ་རྒྱུའི་གནད་དོན་དེ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པ་གསུངས་འདུག རྒྱ་ནག་གཞུང་གིས་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་ཀྱིས་མི་མང་ཤོག་སྒོར་གྱི་འཛའ་ཐང་སྤར་ཆ་བྱ་རྒྱུའི་དགོས་འདུན་ལ་ཁས་ལེན་མེད་པའི་ལན་འདེབས་མཁྲེགས་པོ་བྱས་ཡོད་ཅིང་རྒྱ་ནག་ཚོང་དོན་ལས་ཁང་གི་མགྲིན་ཚབ་པས་ རྒྱ་ནག་གི་ཚོང་དོན་བྱུང་སོང་ཧེ་བག་འགྲོ་བཞིན་པའི་རྒྱུ་རྐྱེན་མི་མང་ཤོག་སྒོར་གྱི་འཛའ་ཐང་སྤར་ཆ་མ་བྱས་པའི་རྐྱེན་གྱིས་བྱུང་བ་ཞིག་མིན་ལུགས་དང་རྒྱ་ནག་གཞུང་གིས་ཨ་རིས་མི་མང་ཤོག་སྒོར་གྱི་འཛའ་ཐང་སྤར་ཆ་དགོས་པའི་དགོས་འདུན་ལ་ཁས་ལེན་བྱེད་ཐབས་མེད་ལུགས་དང་ཚོང་དོན་བྱུང་སོང་ཧེ་བག་འགྲོ་བཞིན་པའི་གནས་སྟངས་དེ་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་ཚོང་དོན་གྱི་མཇུག་འབྲས་ཤིག་ཡིན་པས་དེ་ནི་མུ་མཐུད་ནས་གནས་རྒྱུའི་སྒྲུབ་ཆ་ཞིག་ཡིན་ལུགས་བཤད་ཡོད་འདུག དེའི་གོང་ཙམ་དུ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་རྒྱ་ནག་གཞུང་གིས་མི་མང་ཤོག་སྒོར་གྱི་འཛའ་ཐང་སྤར་ཆ་བྱ་རྒྱུར་ཨ་རིའི་ནང་ནང་དྲེན་བྱེད་ཀྱི་ཡོད་པའི་རྒྱ་ནག་གི་དངོས་ཟོག་ལ་ཉེས་པ་གཏོང་བའི་སྒོ་ཁྲལ་འཕར་མ་ལེན་རྒྱུའི་གྲོས་གཞི་བཏོན་ཡོད་པ་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་༡༣༠ཐུན་མོང་ཐོག་ནས་ཨ་རིའི་ནོར་སྲིད་ལས་ཁང་ལ་མི་མང་ཤོག་སྒོར་གྱི་འཛའ་ཐང་སྤར་ཆ་བྱ་རྒྱུ་དེས་རྒྱ་ནག་གི་ཁེ་ལས་ཚོར་ལྐོག་ནས་རོགས་དངུལ་སྤྲད་པ་དང་གཅིག་མཚུངས་ཡིན་པས་ ཨ་རི་གཞུང་གིས་མི་མང་ཤོག་སྒོར་གྱི་འཛའ་ཐང་སྤར་ཆ་བྱ་རྒྱུའི་ཐོག་རྒྱ་ནག་གཞུང་ལ་མུ་མཐུད་ནས་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་གནང་ཡོད་པ་རེད་