རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཨ་རི་སྲིད་འཛིན་ལ་རེ་སྐུལ།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་སྲིད་འཛིན་མཆོག་རྒྱ་ནག་ཏུ་ཕེབས་སྐབས་བོད་དོན་ཐོག་བཀའ་མོལ་གནང་དགོས་པའི་འབོད་སྐུལ།

༄༅༎རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྲིད་འཛིན་ཨོ་བྭ་མྭ་མཆོག་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་སྐབས་བོད་དོན་ལ་དངོས་སུ་ཕན་པའི་བཀའ་མོལ་གནང་དགོས་པའི་འབོད་བསྐུལ་ཞུས་གནང་འདུག

ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཆརྜི་གྭིའར་ལགས་ཀྱི་མཚན་ཐོག་ནས།ཨ་རིའི་སྲིད་འཛིན་བྭ་རྭ་ཨོ་བྭ་མྭ་མཆོག་ལ་ཕུལ་བའི་སྙན་ཞུའི་ནང་།གལ་སྲིད་ཁྱེད་ཀྱིས་ཕྱི་ཟླ་བཅུ་པའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་མ་གནང་བའི་ཐག་གཅོད་དེའི་ཐོག་ནས།རྒྱ་ནག་གི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་སྲིད་འཛིན་གཅིག་ལྕོག་ཧུ་ཅིན་ཏའི་ངོས་ནས་ཀྱང་དོན་འབྲས་ལྡན་པའི་རྣམ་པ་སྤྱི་མཚུངས་སྟོན་རྒྱུའི་ཐུགས་རེ་གནང་ཡོད་ན།དམིགས་ཡུལ་དེ་རིགས་འགྲུབ་པའི་ཐབས་ལམ་གཞན་དུ་མ་ཡོད་ལུགས་བཀོད་འདུག

ལས་འགུལ་ཁང་གི་དྲྭ་རྒྱའི་ཐོག་སྤེལ་དོན་ལྟར་ན་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་གནང་སྐབས།གཤམ་གསལ་དོན་ཚན་གཉིས་གླེང་སློང་གནང་དགོས་པའི་སྐུལ་དེད་གནང་འདུག་དང་པོ་ནི་རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་དབར་བོད་རྒྱའི་འབྲེལ་མོལ་གྱི་དམིགས་ཡུལ་གསལ་སྟོན་ཆེད་དུ་ཚོགས་པ་གསུམ་པ་ཞིག་གི་མཐུན་འགྱུར་བསྐྲུན་རྒྱུའི་ལམ་སྟོན་གནང་དགོས་པ་དང་།གཉིས་པ་༧གོང་ས་མཆོག་རྒྱ་ནག་ལ་གདན་འདྲེན་ཞུ་དགོས་པ་དེ་གཉིས་ཡིན་པ་རེད༎