རྒྱ་གར་དང་པ་ཀི་སི་ཏན་བར་གྲོས་མོལ་གནང་འཆར་ཡོད་པ།

རྒྱ་གར་དང་པ་ཀི་སི་ཏན་ཡུལ་གྲུ་གཉིས་ཀྱི་དཔོན་རིགས་དབར་གྲོས་མོལ་ཆེད་མཇལ་འཕྲད་གནང་སྲིད་པའི་སྐོར་གྱི་གནས་ཚུལ་ཐོན་ཡོད་པ་རེད།

༄༅༎རྒྱ་གར་ཕྱོགས་ནས་པ་ཀི་སི་ཏན་ལ་ཕྱོགས་གཉིས་བར་གྲོས་མོལ་བྱ་དགོས་པའི་རེ་འདུན་བཏོན་ནས་ལོ་གཅིག་ལྷག་འགྲོ་བའི་སྐབས་དེར། ཕལ་ཆེར་རེས་གཟའ་ཟླ་བའི་ཉིན་ཡུལ་གྲུ་གཉིས་ཀྱི་དཔོན་རིགས་དབར་མཇལ་འཕྲད་གནང་སྲིད་པའི་སྐོར་གྱི་གནས་ཚུལ་ཐོན་ཡོད་པ་རེད།

དེ་ཡང་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་༡༡པའི་ནང་རྒྱ་གར་གྱི་ཚོང་ལས་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་ཚབས་ཆེ་བཏང་སྟེ། མི་གྲངས་༡༦༦རྐྱེན་ལམ་ཕྱིན་པའི་དོན་རྐྱེན་དེའི་བྱེད་ལྟེ་ནི། རྒྱ་གར་གཞུང་གིས་པ་ཀི་སི་ཏན་ནང་རྟེན་གཞི་བྱས་པའི་དྲག་སྤྱོད་ཤོག་ཁག་རེད་ཅེས་སྐྱོན་འཛུགས་བྱས་ཏེ། པ་ཀི་སི་ཏན་གཞུང་གིས་དྲག་སྤྱོད་ཚོགས་པ་དེའི་བྱ་སྤྱོད་ལ་ཡ་ལན་ཞིག་སྤྲོད་དགོས་པའི་དགོས་འདུན་བཏོན་པ་བཞིན། པ་ཀི་སི་ཏན་ཕྱོགས་ནས་དྲག་སྤྱོད་ཚོགས་པ་དེའི་ཐོག་ལ་བྱ་ཐབས་ཤིག་ལག་བསྟར་མ་བྱས་བར་དུ་ཡུལ་གྲུ་གཉིས་ཀྱི་ཞི་བའི་གྲོས་མོལ་བར་མཚམས་ཆད་ཡོད་པ་རེད། ཡིན་ནའང་རྒྱ་གར་ལ་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པ་ཀི་སི་ཏན་གྱི་ལྷན་དུ་བསྐྱར་དུ་ཞི་བའི་གྲོས་མོལ་འགོ་བཙུགས་བྱ་དགོས་པ་དང། ཡུལ་གྲུ་གཉིས་བར་ཞི་བདེ་ལྷིང་འཇགས་བྱུང་ན། ཡུལ་གཉིས་ཀྱི་ཁྱིམ་མཚེས་སུ་གནས་པའི་ཨཕ་ག་ནི་སི་ཏན་ནང་གི་བརྟན་ལྷིང་ལ་ཕན་ཐོག་སྐྲུན་ཐུབ་རྒྱུ་རེད་ཅེས་གནོན་ཤུགས་སྤྲད་པར་བརྟེན་ནས། རྒྱ་གར་གཞུང་གིས་པ་ཀི་སི་ཏན་ལྷན་དུ་གྲོས་མོལ་བྱ་རྒྱུའི་འདུན་པ་བསྐྱར་དུ་གསལ་བཏོན་གནང་སྟེ་ལོ་གཅིག་ལྷག་ཕྱིན་ཡོད་པ་རེད། དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་ཤིག་གིས་གསུངས་ན། རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ནི་རུ་པ་མ་རའོ་མཆོག་གིས། པ་ཀི་སི་ཏན་སྐུ་ཚབ་དཔོན་རིགས་མཇལ་འཕྲད་ཀྱིས། མ་འོངས་པའི་ཞི་བའི་གྲོས་མོལ་ག་པར་གནང་རྒྱུའི་འཆར་གཞི་དང། དུས་ཚོད་ག་དུས་འགོ་བཙུགས་གནང་མིན། གྲོས་མོལ་ག་རེ་གནང་གི་ཡོད་མེད་སྐོར་ལ་བཀའ་མོལ་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསུངས་ཡོད་པ་རེད།།