༄༅༎ཕྱི་ཟླ་ ༤ ཚེས་ ༡༥ ཉིན་རྒྱ་ནག་གི་དམག་མི་རྒྱ་གར་གྱི་བྱང་ཕྱོགས་ལ་དྭགས་ས་ཁུལ་གྱི་ནང་བཙན་འཛུལ་གྱིས་དམག་མི་ལྔ་བཅུ་ཙམ་གནས་སྡོད་བྱེད་བཞིན་ཡོད་པའི་གནས་ཚུལ་བྱུང་བ་དེས། རྡུལ་ཕྲན་མཚོན་ཆ་ལྡན་ཞིང་འཛམ་གླིང་ནང་གི་མི་འབོར་ཆེ་ཤོས་ཡོད་པའི་ཡུལ་གྲུ་གཉིས་དབར་གྱི་འབྲེལ་བར་དོ་ཕོག་གཏོང་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ Salman Khurshid ཕྱི་ཟླ་ ༥ ཚེས་ ༨ ཉིན། རྒྱ་ནག་ཏུ་ཕེབས་འཆར་ཡོད་པ་དང། ཁོང་གིས་དེ་རིང་ཕྱི་ཟླ་ ༥ ཚེས་ ༤ ཉིན་རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་འདྲ་མིན་གྱི་བཅར་འདྲིར་བཀའ་ལན་གནང་པའི་སྐབས། ད་བར་རྒྱ་ནག་གི་ངོས་ནས་འདོད་བློ་ཁེངས་པའི་ཡ་ལན་ཞིག་མ་བྱུང་ཞེས་དང། རྒྱ་གར་གཞུང་གི་ངོས་ནས་འབྲེལ་ཏུག་གི་སྒོ་མོ་ཡོངས་རྫོགས་ཕྱེ་སྟེ་བཞག་ཡོད་ཅེས་གསུངས་འདུག།
ད་དུང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས། ད་ལྟའི་གནད་དོན་འདིས་ཡུལ་གྲུ་གཉིས་ཀྱི་ཕུགས་རྒྱང་རིང་པོའི་འབྲེལ་བར་དོ་ཕོག་མ་སོང་བ་ངེས་པར་བྱེད་དགོས་ཀྱི་རེད་ཅེས་དང། ཁོང་རྒྱ་ནག་ཏུ་ཕེབས་རྒྱུའི་འཆར་གཞི་གནས་མུས་ཡིན་པ་གསུངས་ཡོད་པ་རེད། འོན་ཀྱང་ཁོང་གིས་གལ་ཏེ་ད་ལྟའི་གནས་བབས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མ་འབྱུང་ཚེ་ཁོང་རྒྱ་ནག་ཏུ་ཕེབས་རྒྱུའི་འཆར་གཞིར་བསྐྱར་ཞིབ་གནང་སྲིད་པ་གསུངས་འདུག། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས། རྒྱ་གར་དང་རྒྱ་ནག་དབར་གྱི་གྲོས་མོལ་གྱི་ལས་རིམ་འགྲོ་མུས་ཡིན་པ་དང། གྲོས་མོལ་ལམ་ལྷོངས་འབྱུང་རྒྱུར་ཡང་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་ད་བར་ལམ་ལྷོངས་བྱུང་མེད་པ་ངོས་ལེན་ཡང་གནང་འདུག།
རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་ཀྱི་རྩོད་གཞིའི་གནད་དོན་འདིས་རྐྱེན་པས་རྒྱ་ནག་གི་སྲིད་བློན་ ལི་ཀེ་ཅིཡང་ རྒྱ་གར་དུ་གཞུང་དོན་འཚམས་གཟིགས་ཐོག་མ་དེ་གནང་རྒྱུའི་འཆར་གཞིར་ཡང་འགལ་རྐྱེན་བཟོ་བཞིན་ཡོད་འདུག་ཅིང། རྒྱ་ནག་གི་སྲིད་བློན་ཕྱི་ཟླ་ལྔ་པའི་ཟླ་མཇུག་ཏུ་རྒྱ་གར་དུ་འཚམས་གཟིགས་གནང་འཆར་ཡིན་པ་རེད།།
