པ་ཀི་སི་ཐན་ནང་དྲག་འཐབ་སྦྱོང་བརྡར་སྤྲོད་ཡུལ་ཁག་༤༢་ཡོད།

རྒྱ་གར་གྱིས་པ་ཀིསི་ཐན་གྱི་ས་ཐོག་དྲག་འཐབ་མཁན་ཚོར་སྦྱོང་བརྡར་སྤྲོད་ཡུལ་གྱི་སྒར་ས་ཁག་༤༢ཙམ་ཡོད་བཞིན་པའི་སྐོར་གསུངས་འདུག

༄༅༎དེ་རིང་རྒྱ་གར་གྱིས་པ་ཀིསི་ཐན་གྱི་ས་ཐོག་དྲག་འཐབ་མཁན་ཚོར་སྦྱོང་བརྡར་སྤྲོད་ཡུལ་གྱི་སྒར་ས་ཁག་༤༢ཙམ་ཡོད་བཞིན་པའི་སྐོར་གསུངས་ཏེ། པ་ཀིསི་ཐན་གཞུང་གིས་སྒར་ས་དེ་ཚོ་སྒོ་རྒྱབ་རྒྱུའི་ཐབས་ཤེས་ཙམ་ཡང་གནང་གི་མེད་པའི་སྐྱོན་བརྗོད་གནང་འདུག།

དེ་སྔོན་༢༠༠༨ལོར་རྒྱ་གར་གྱི་གྲོང་ཁྱེར་མུམ་བཡི་ནང་འཇིགས་སྐུལ་དྲག་སྤྱོད་པས་ཞི་བའི་ཡུལ་མིའི་ཐོག་གང་བྱུང་གཏོར་རྒོལ་བཏང་བའི་དོན་རྐྱེན་བྱུང་རྗེས་ཟླ་བ་སྔོན་མ་རྒྱ་གར་དང་པ་ཀིསི་ཐན་གྱི་ཕྱི་འབྲེལ་དྲུང་ཆེ་རྣམ་པའི་དབར་གཞུང་འབྲེལ་ཚོགས་འདུ་ཐེངས་དང་པོ་དེ་གནང་བའི་རྗེས་སུ་། རྒྱ་གར་གྱིས་པ་ཀིསི་ཐན་ལ་གོང་ཞུས་སྐྱོན་འཛུགས་དེ་གནང་ཡོད་པ་རེད།

རྒྱ་གར་གྱི་རྒྱལ་སྲུད་བློན་ཆེན་ཨེ་ཀེ་ཨེན་ཐོ་ནི་ཡིས་རྒྱ་གར་ལྷོ་ཕྱོགས་གོའོ་ཨ་མངའ་སྡེའི་ནང་དམག་དོན་མཛད་སྒོ་ཞིག་ཐོག་གསུངས་བཤད་གནང་སྐབས། པ་ཀིསི་ཐན་གྱི་ས་ཐོག་འཇིགས་སྐུལ་དྲག་སྤྱོད་པར་སྦྱོང་བརྡར་སྤྲོད་ཡུལ་སྒར་ས་ཁག་༤༢ཙམ་ཡོད་མུས་ཡིན་པའི་ཐོག། པ་ཀིསི་ཐན་གཞུང་གིས་དྲག་འཐབ་མཁན་གྱི་སྒར་ས་དེ་ཚོ་མེད་པ་བཟོ་ཐབས་རྩ་བ་ནས་གནང་མེད་སྐོར་འགྲེལ་བརྗོད་གནང་བཞག།

༢༠༠༨ལོར་རྒྱ་གར་གྱི་གྲོང་ཁྱེར་མུམ་བཡི་ནང་མི་གྲངས་༡༦༦ལ་སྲོག་སྐྱོན་དང་དེ་མིན་མི་གྲངས་༣༠༠ཙམ་ལ་རྨས་སྐྱོན་བཏང་བའི་གཏོར་རྒོལ་དེའི་རྒྱབ་པ་ཀིསི་ཐན་ནང་རྟེན་གཞི་བྱས་པའི་ཁ་ཆེའི་དྲག་འཐབ་ཤོག་ཁག་ལ་ཤི་ཀར་ཨེ་ཏའེ་སྦ་ཟེར་བ་དེ་ཡོད་པར་རྒྱ་གར་གྱིས་དོགས་པ་གནང་གི་ཡོད་པ་མ་ཟད། པ་ཀིསི་ཐན་གཞུང་འབྲེལ་གྱི་གསང་བའི་ལས་ཁང་ཨའེ་ཨེསི་ཨའེ་ནས་ཀྱང་རྒྱ་གར་ལ་སྡང་སེམས་བྱེད་མཁན་དྲག་འཐབ་མཁན་ཚོར་ངན་རྒྱབ་རོགས་རམ་བྱེད་ཀྱི་ཡོད་པར་རྒྱ་གར་གྱིས་བློ་དོགས་གནང་གི་ཡོད་པ་རེད།