༄༅༎རྒྱ་གར་ནང་གི་ཧིན་རྡུའི་ཆོས་ལུགས་ལ་དད་ཞེན་ཆེ་བའི་མི་སྣ་ཚོས་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཚབས་བཟོ་སྲིད་པ་རྒྱ་གར་ནང་སྲིད་བློན་ཆེན་གྱིས་ཉེན་བརྡ་བཏང་གནང་འདུག
རྒྱ་གར་ནང་ཡོད་པའི་གུར་ཀུམ་ཚོས་མདོག་ཅན་གྱི་ཆོས་གོས་གྱོན་མཁན་ཧིན་རྡུའི་ཆོས་ལུགས་དད་ཞེན་བྱེད་མཁན་གྱི་ཚོགས་པ་དེའི་ནང་གི་ཆོས་ལུགས་ཐལ་སྐྱོད་པ་ཁག་ཅིག་དང་ རྒྱ་གར་གྱི་ནུབ་ཕྱོགས་ས་ཁུལ་ནང་གནས་པའི་དྲག་སྤྱོད་ཚོགས་པ་དང་འབྲེལ་བ་ཡོད་ཅིང་ འདས་པའི་ནང་རྒྱ་གར་གྱི་ས་ཁུལ་མང་པོའི་ནང་དྲག་སྤྱོད་ཀྱི་གཏོར་རྒོལ་ཕོག་པ་དཔེར་ན་ཉིས་སྟོང་བརྒྱད་ལོའི་མོམ་བལ་གྲོང་ཁྱེར་ནང་གི་གཏོར་རྒོལ་སོགས་ཁ་ཆེའི་ཆོས་དད་པ་ཚོས་སྤེལ་བ་ཡིན་པར་ངོས་ལེན་བྱས་ཡོད་པ་དང་ ཡིན་ནའི་ཉེ་བའི་ཆར་ཧིན་རྡུའི་ཆོས་ལུགས་ལ་དད་ཞེན་ཆེ་བའི་ཆོས་ལུགས་ཐལ་སྐྱོད་པ་ཁག་ཅིག་གིས་དྲག་སྤྱོད་ཀྱི་ལས་དོན་སྤེལ་སྲིད་པའི་ཉེན་ཚབས་ཡོད་པར་བརྟེན་ཚང་མས་དོ་སྣང་བྱེད་དགོས་པ་ རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཚོགས་པའི་ལོ་རེའི་ཉེན་རྟོག་དཔོན་རིགས་ཀྱི་ལྷན་ཚོགས་ཐོག་ཉེན་བརྡ་བཏང་གནང་ཡོད་པ་རེད་
རྒྱ་གར་གྱི་མོམ་བལ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཤིལྦ་སེ་ན་ཞེས་པའི་ཚོགས་པ་དེ་བཞིན་ཧིན་རྡུའི་ཆོས་ལུགས་ལ་དད་ཞེན་བྱེད་མཁན་དང་ ཧིན་རྡུའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཚོའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་མཁན་ཡིན་ཞེས་ ཧིན་རྡུའི་ཆོས་ལུགས་ལ་དད་ཞེན་ཆེན་པོ་ཡོད་པའི་ཚོགས་པ་ཞིག་ཡིན་པ་དང་ ཡིན་ནའི་ཚོགས་པ་དེས་ཁོང་ཚོ་དང་དྲག་སྤྱོད་ཤོག་ཁག་དབར་འབྲེལ་བ་མེད་ལུགས་གསུང་གི་ཡོད་པ་རེད་
རྒྱ་གར་ནང་ཁ་ཆེ་དང་ཧིན་རྡུའི་ཆོས་ལུགས་དད་ལྡན་པ་ཚོའི་དབར་ཆོས་ལུགས་གནད་དོན་སོགས་ཀྱི་རྐྱེན་པས་འཁྲུག་རྩོད་རྒྱུན་དུ་ནས་ཡོད་མུས་ཡིན་པའི་ཁར་ ཉེ་བའི་ནང་ཁ་ཆེའི་ཆོས་དད་པ་ཚོས་རྒྱ་གར་ནང་དྲག་པོའི་གཏོར་རྒོལ་གྱི་བྱ་སྤྱོད་ཐེངས་མང་སྤེལ་བའི་རྐྱེན་གྱིས་ཧིན་རྡུའི་ཆོས་ལུགས་ལ་དད་ཞེན་ཆེ་བའི་ཆོས་དད་པ་ཚོས་ཁ་གཏད་ཀྱི་བྱ་སྤྱོད་སྤེལ་སྲིད་པ་མི་རྣམས་ཀྱི་ཡིད་ཆེས་བྱེད་ཀྱི་ཡོད་ལུགས་གནད་དོན་དབྱེ་ཞིབ་པ་ཚོས་གསུང་གི་ཡོད་པ་རེད་
