དབྱི་རག་གི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་སྐོར།

ད་ལྟའི་དབྱི་རག་གི་སྲིད་བློན་གྱི་ཆབ་སྲིད་ཚོགས་པ་དང་སྲིད་བློན་ཟུར་པ་ཨ་ལ་ལྦི་ཡི་ཆབ་སྲིད་ཚོགས་པར་འོས་ཤོག་གི་གྲངས་ཀ་འདྲ་མཉམ།

༄༅༎ཉེ་ཆར་དབྱི་རག་གི་རྒྱལ་ཡོངས་འོས་བསྡུ་བྱས་ཏེ་ད་ལྟ་བར་འོས་ཤོག་གྲངས་བཤེར་བྱས་པར་གཞིགས་ན། ད་ལྟའི་དབྱི་རག་གི་སྲིད་བློན་ནུ་རི་ཨེལ་མ་ལི་ཀི་ཡི་ཆབ་སྲིད་ཚོགས་པ་དང། སྲིད་བློན་ཟུར་པ་ཨི་ཡརྡ་ཨ་ལ་ལྦི་ཡི་ཆབ་སྲིད་ཚོགས་པར་འོས་ཤོག་གི་གྲངས་ཀ་འདྲ་མཉམ་ཐོབ་ཀྱི་ཡོད་པ་རེད།

ཟླ་བ་འདིའི་ཕྱི་ཚེས་བདུན་ཉིན་དབྱི་རག་གི་རྒྱལ་ཡོངས་འོས་བསྡུ་བྱས་ཏེ། གྲོས་ཚོགས་ཀྱི་འཐུས་མི་༣༢༥་འོས་འདེམས་བྱེད་དགོས་པ་དང། གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུར་འོས་བསྡུའི་ནང་དུ་དབྱི་རག་གི་ཆབ་སྲིད་ཚོགས་པ་མི་འདྲ་བ་མང་པོ་མཉམ་ཞུགས་བྱས་ཡོད་ཀྱང། རེས་གཟའ་ཕུར་བུ་བར་འོས་ཤོག་གྲངས་བཤེར་བྱས་ཟིན་པའི་ཕྱོགས་ཡོངས་ཀྱི་གྲུབ་འབྲས་ལ་གཞིགས་པར་ཡིན་ཚེ། ཆབ་སྲིད་ཚོགས་པ་ཆེ་ཤོས་གསུམ་ལ་རྒྱལ་ཁ་འདྲ་འདྲ་ཐོབ་པའི་རྣམ་པ་ཡོད་ཅིང། དེ་ཡང་སྲིད་བློན་ནུ་རི་ཨེལ་མ་ལི་ཀི་ཡི་ཁྲིམས་ལུགས་མནའ་འབྲེལ་ཚོགས་པར་འོས་ཤོག་ས་ཡ་གཉིས་དང་བཞི་འབུམ་ལྔ་ཁྲི་ཙམ་ཞིག་ཐོབ་ཡོད་པ་དང། ཁོང་གི་ཁ་གཏད་དུ་བཞེངས་མཁན་སྲིད་བློན་ཟུར་པ་ཨ་ལ་ལྦི་་ཡི་ཚོགས་པར་འོས་ཤོག་ས་ཡ་གཉིས་དང་བཞི་འབུམ་ཙམ་ཞིག་ཐོབ་ཏེ། ཚོགས་པ་དེ་གཉིས་བར་ལ་འོས་ཤོག་ཁྲི་གསུམ་ལྷག་ཙམ་ལས་ཐོབ་ཤོར་གྱི་ཁྱད་པར་ཆེན་པོ་མེད་པའི་གནས་སྟངས་ཤིག་སླེབས་ཡོད་པ་དང། དེ་ནས་ཤི་ཡཏ་ཆོས་ལུགས་ཚོགས་པར་འོས་ཤོག་གྲངས་ས་ཡ་གཉིས་ཙམ་ཐོབ་ཡོད་པ་རེད།

འོན་ཀྱང་དབྱི་རག་གི་གཞུང་གསར་པའི་ནང་གྲོས་ཚོགས་ཀྱི་འཐུས་མི་གྲངས་༣༢༥འོས་འདེམས་བྱེད་དགོས་པ་ལྟར། འཐུས་མིའི་འོས་བསྡུའི་ནང་དུ་བཞེངས་མཁན་དབྱི་རག་གི་ཆབ་སྲིད་ཚོགས་པ་གང་རུང་ཞིག་གིས་གཞུང་འཛིན་གྱི་དབང་ཆ་འཛིན་པར་དབྱི་རག་གི་རྩ་ཁྲིམས་ནང་གསལ་ལྟར་གྲོས་ཚོགས་ཀྱི་འཐུས་མིའི་བརྒྱ་ཆ་༧༥རྒྱལ་ཁ་ཐོབ་དགོས་པ་དང། གལ་ཏེ་ཆབ་སྲིད་ཚོགས་པ་གང་ཞིག་ལ་གྲོས་ཚོགས་ཀྱི་འཐུས་མིའི་གྲངས་འབོར་གྱི་རྒྱལ་ཁ་ཐོབ་པ་ཡིན་ཚེ། ཉིན་གྲངས་སུམ་ཅུའི་ནང་ཚུད་ལ་གཞུང་གསར་པ་གཏན་འབེབས་བྱེད་དགོས་ཀྱི་ཡོད་པ་རེད།