བལ་ཡུལ་བཙོན་ཁང་དུ་ཡོད་པའི་བོད་མིས་ཟས་བཅད་ངོ་རྒོལ།

བལ་ཡུལ་བཙོན་ཁང་ནང་ཡོད་པའི་བོད་མི་ཚོས་ཟས་བཅད་ངོ་རྒོལ་གནང་ནས་ཁོང་ཚོ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན།

༄༅༎ཉེ་ཆར་གསུམ་བཅུའི་དུས་དྲན་སྔ་ནུབ་དུ་བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་བྱེད་པའི་སྐབས་ བལ་ཡུལ་ཉེན་རྟོག་པས་བོད་མི་བཅུ་གྲངས་ཤིག་འཇུ་བཟུང་བྱས་ནས་བལ་ཡུལ་གྱི་བཙོན་ཁང་ཁག་གསུམ་ཙམ་ནང་བཙོན་འཇུག་བཀག་ཉར་བྱེད་བཞིན་ཡོད་པ་དང་ད་རེས་གཟའ་ལྷག་པའི་ཉིན་བལ་ཡུལ་གྱི་བཙོན་ཁང་ཁག་ནང་འཛིན་བཟུང་དོ་དམ་བྱེད་བཞིན་པའི་བོད་མི་ཚོས་ཟས་བཅད་ངོ་རྒོལ་གནང་ནས་ཁོང་ཚོ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་བཞིན་ཡོད་པ་དང་

བལ་ཡུལ་གྱི་རྒྱལ་སའི་ཁུལ་གྱི་ཉེན་རྟོག་དཔོན་རིགས་ནས་གལ་སྲིད་བོད་མི་ཟས་བཅད་ངོ་རྒོལ་གནང་མཁན་ཚོའི་གཟུགས་གཞིའི་གནས་སྟངས་ལ་དཀའ་ངལ་བྱུང་ཚེ་འཕྲལ་དུ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་རྒྱུའི་གྲ་སྒྲིག་ཡོད་ལུགས་འགྲེལ་བརྗོད་བྱས་འདུག སྤྱི་ཟླ་གསུམ་པའི་ཚེས་༡༠ཉིན་བལ་ཡུལ་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་སྐད་འབོད་བྱས་ནས་བོད་མི་མང་པོ་ཞིག་འཇུ་བཟུང་བྱས་ཡོད་པའི་ནང་ནས་བོད་མི་༢༣གློད་བཀྲོལ་བཏང་ཡོད་པ་དང་བོད་མི་༡༤ས་རྒྱ་ནག་གི་ཐོངས་མཆན་ཞུ་སའི་ལས་ཁང་ནང་འཛུལ་རྩིས་བྱས་ལུགས་ཀྱིས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་ཚབས་བཟོས་ལུགས་ཀྱི་ཉེས་བཙུགས་ཐོག་ནས་ཉིན་གྲངས་༩༠འུ་རིང་བཙོན་འཇུག་དོ་དམ་བྱ་རྒྱུ་བལ་ཡུལ་གཞུང་གིས་བརྗོད་ཡོད་ཅིང་། གནས་ཚུལ་ཤེས་རྟོགས་ཡོད་མཁན་གྱི་གསུང་བར་གཞིགས་ན་ བོད་མི་བཙོན་འཇུག་བྱེད་མི་ཚོར་ བལ་ཡུལ་ཉེན་རྟོག་པས་ཧ་ཅང་གི་དམ་བསྒྲགས་བྱེད་བཞིན་པ་མ་ཟད་བཙོན་ཁང་གི་གནས་སྟངས་ཡང་ཧ་ཡང་སྐྱོ་པོ་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག བལ་ཡུལ་ནང་བཞུགས་མཁན་བཙན་བྱོལ་བོད་མི་ཚོས་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ཞི་བའི་སྐད་འབོད་བྱས་པར་རྒྱབ་སྐྱོར་ཆེད་བལ་ཡུལ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་དང་ཡིན་ནའི་བལ་ཡུལ་གཞུང་གིས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་དེ་སྔོན་ལས་ལྷག་པའི་དམ་བསྒྲགས་བཀག་སྡོམ་བྱེད་བཞིན་ཡོད་པ་རེད་