༄༅༎དུས་ཡུན་ལོ་ངོ་༡༧ གྱི་ཁྲིམས་ཆད་འཁུར་ནས་ད་བར་བཙོན་འཇུག་མྱོང་བའི་ཆབ་སྲིད་བཙོན་པ་འཇིགས་མེད་རྒྱ་མཚོ་ལགས་བཙོན་གྲོལ་ཐོབ་པ།
འདི་གར་བོད་ནས་གནས་ཚུལ་འབྱོར་དོན་ལྟར་ན། དུས་ཡུན་ལོ་ངོ་༡༧ རིང་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པའི་ཆབ་སྲིད་བཙོན་པ་འཇིགས་མེད་རྒྱ་མཚོ་ལགས་ཁ་སང་ཟླ་༣་ཚེས་༣༠་ཉིན་བཙོན་གྲོལ་ཐོབ་ནས་ཕ་ཡུལ་རྒན་གྱ་ལ་ཕེབས་ཡོད་ཀྱང་། དངོས་སུ་མཐོང་མཁན་ཚོས་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པར་འགྲེལ་བརྗོད་བྱས་འདུག
འཇིགས་མེད་རྒྱ་མཚོ་ནི། ཕྱི་ལོ་༡༩༩༦ ལོར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། གསར་རྗེར་ངོ་ལོག་པའི་ཚོགས་པ་བཙུགས་པའི་ཉེས་མིང་འོག་ཁོང་དང་་ལྷ་ས་གྲོང་ཁྱེར་ཁོངས་ཀྱི་བོད་མི་ཁག་གཅིག་ལ་ཁྲིམས་ཆད་བཏང་ཡོད་པ་དང༌། སྐབས་དེར་འཇིགས་མེད་རྒྱ་མཚོ་ལ་དུས་ཡུན་ལོ་ངོ་༡༥ ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་སོགས་སུ་ངལ་རྩོལ་སྒྱུར་བཀོད་བྱེད་བཅུག་ཡོད་ཀྱང༌། ཁོང་བཙོན་ཁང་ནང་ཡོད་མུས་སྐབས་སུ་ཕྱི་ལོ་༢༠༠༤ ལོར་གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་པའི་ཉེས་མིང་འོག་དུས་ཡུན་ལོ་ངོ་༢ སྤར་ཏེ། ཁྱོན་སྡོམ་ལོ་༡༧་བཙོན་འཇུག་བྱས་ཡོད་འདུག།
