བོད་རང་བཙན་ཆེད་ཨ་རིའི་ནང་གོམ་བགྲོད་གནང་བཞིན་ཡོད་པ།

བོད་རང་བཙན་ཆེད་གོམ་བགྲོད་གནང་མཁན་རྣམས་ད་ཆ་ཨ་མི་རི་ཀའི་རྒྱལ་སའི་མངའ་ཁུལ་དུ་ཕེབས་འབྱོར་བྱུང་བའི་གནས་ཚུལ་ཐོན་འདུག

༄༅༎འདི་ཟླའི་ཚེས་༤སྟེ་ཨ་མེ་རི་ཀ་རང་བཙན་ཐོབ་པའི་ཉིན་དང་བསྟུན་ནས་ཨ་རིའི་གྲོང་ཁྱེར་ཕི་ལ་ཌེལ་ཕི་ཡར་ཡོད་པའི་རང་བཙན་གྱི་ཚོཌ་ཁང་དང་རང་དབང་གི་བྲིལ་བུ་ཡོད་ས་ནས་བོད་རང་བཙན་ཆེད་ཞི་བའི་གོམ་བགྲོད་དབུ་བཙུགས་གནང་སྟེ་ད་ཆ་མངའ་སྡེ་མེ་རི་ལེན་ཌིའི་གྲོང་ཁྱེར་སྦོལ་ཀྲི་མོར་ལ་ཕེབས་འབྱོར་བྱུང་འདུག

སྐུའི་གཅེན་པོ་དམ་པ་སྟག་མཚེར་རིན་པོ་ཆེ་མཆོག་གིས་གསར་འཛུགས་གནང་བའི་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་བོད་རང་བཙན་ཆེད་གོམ་བགྲོད་གོ་སྒྲིག་གནང་ཡོད་པ་དང་གོམ་བགྲོད་གནང་མཁན་གཙོ་བོ་ནི་སྐུའི་གཅེན་པོ་སྟག་མཚེར་རིན་པ་ཆེ་དམ་པ་དེ་ཉིད་ཀྱི་སྲས་ཆུང་བ་འཇིགས་མེད་ནོར་བུ་ལགས་དང་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་ སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ སྤྱི་ཟུར་དབང་འདུད་རྡོ་རྗེ་ལགས་བཅས་ཡོད་པ་རེད་ལ་ འཚམས་རེ་བོད་མི་ལྔ་རེ་དང་འཚམས་རེ་བཅུ་ལྷག་གིས་མཉམ་དུ་ཕེབས་འདུག་པས་ ཁོང་རྣམས་ཀྱིས་མངའ་སྡེ་པེན་སིལ་ལྦེ་ནི་ཡ་དང་ཌེ་ལ་ལྦེར་ མེ་རི་ལེན་ཌི་བཅས་བརྒྱུད་ནས་གོམ་བགྲོད་གནང་མུས་ཡིན་པ་རེད་ སྟག་མཚེར་རིན་པོ་ཆེ་དམ་པ་དེའི་སྲས་ཆུང་བ་འཇིགས་མེད་ནོར་བུ་ལགས་ཀྱིས་ཁོང་གི་ཡབ་དམ་པ་དེས་བོད་རང་བཙན་སླར་གསོའི་ཆེད་བཞེངས་ཕྱོགས་མ་འགྱུར་བརྟན་པོར་འཛིན་གནང་བ་ལྟར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་རང་བཙན་སླར་གསོའི་ཆེད་ཀྱི་འཐབ་རྩོད་དུས་ནམ་ཡང་བློས་གཏོང་རྒྱུ་མིན་པའི་བརྡ་གསལ་པོ་ཞིག་སྤྲོད་ཕྱིར་གོམ་བགྲོད་གནང་བཞིན་ཡོད་སྐོར་ཁ་ས་ཨ་རིའི་མངའ་སྡེ་ཨིན་གྲི་ཡ་ནའི་གསར་ཤོག་ཧེ་རལ་ཌི་དུས་བབ་ལ་གསུངས་འདུག་ལ་ ཁོང་གིས་ད་བར་རྒྱང་ཐག་ཀི་ལོ་མི་ཀྲར་༥༠༠༠་ལྷག་ལ་ཞི་བའི་གོམ་བགྲོད་དང་སྦག་སྦག་སྐོར་བསྐྱོད་སོགས་ཐེངས་མ་༡༧་ནང་ལྷན་བཞུགས་གནང་འདུག

རེས་གཟའ་མིག་དམར་ཉིན་བོད་རང་བཙན་ཆེད་ཞི་བའི་གོམ་བགྲོད་གནང་མཁན་རྣམས་འདི་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ནང་ཕེབས་རྒྱུ་དང་བསྟུན་ནས་རྒྱལ་སའི་མངའ་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་ལྷན་དུ་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་རྔམ་བཏོན་གནང་སྟེ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་རེ་ཞིག་མཇུག་བསྒྲིལ་གནང་འཆར་འདུག།