བཀའ་ཁྲི་མཆོག་ནས་རྒྱ་རིགས་ཤིག་གི་དྲི་བར་ལན་འདེབས།

བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་ལ་རྒྱ་རིགས་པི་ཡན་ཐའོ་ཞེས་པས་གནད་དོན་འགའ་ཤས་ཐོག་ཡིག་ཐོག་བཅར་འདྲི་ཞུས་པ།

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་ལ་རྒྱ་རིགས་པི་ཡན་ཐའོ་ཞེས་པས་བོད་དང་བོད་ཆེན་པོ་ཞེས་པའི་དབར་དབྱེ་བ་དང་ དེ་མིན་གནད་དོན་འགའ་ཤས་ཐོག་ཡིག་ཐོག་བཅར་འདྲི་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་དེ་རིང་གནས་ཚུལ་བཀོད་ཐོན་བྱུང་བར་གཞིགས་ན་ རྒྱ་རིགས་པི་ཡན་ཐའོ་ཞེས་པས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ལ་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་ཡིག་ཐོག་བཀའ་འདྲི་དང་ རིན་པོ་ཆེ་མཆོག་ནས་དེ་དག་བཀའ་ལན་གནང་བའི་ཁོངས་སུ་ སྐུ་ཞབས་པི་ཡན་ཐའོས་ སྐུ་ཉིད་ནས་དབྱིན་ཡིག་ཐོག་གནང་བའི་གསུངས་བཤད་ནང་ བོད་ནི་བོད་རང་རེད། དེར་ཆེན་པོ་དང་ཆུང་ངུའི་དབྱེ་བ་འབྱེད་རྒྱུ་མེད་ཅེས་གསུངས་འདུག ཡིན་ནའང་༸གོང་ས་ཏ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་པེ་ཅིང་དབར་འབྲེལ་མོལ་སྐབས་བོད་རིགས་ཡོངས་ལ་རང་སྐྱོང་ལས་ཁུངས་གཅིག་གི་འཛིན་སྐྱོང་སྐོར་གསུངས་ཡོད། དེ་ནི་ཟི་ཁྲོན་དང་ཡུ་ནན། མཚོ་སྔོན་ཞིང་ཆེན་བཅས་ནང་ཡོད་པའི་བོད་རིགས་ས་ཁུལ་རྣམས་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་བསྒྲིལ་རྒྱུའི་རེ་འདུན་ཡིན་པ་སྨོད་མེད་རེད། འཛིན་སྐྱོང་རྒྱ་ཁྱོན་གྱི་ཆ་ནས་བཤད་ན་དེ་ནི་བོད་ཆེན་པོ་ཆགས་ཡོད། དེའི་ཆ་ནས་པེ་ཅིང་གིས་བོད་ཆེན་པོ་ཞེས་བཤད་པ་དེ་ནོར་མེད། གང་ཡིན་ཟེར་ན། དེ་ནི་ད་ལྟའི་བོད་ཀྱི་གནས་སྟངས་ལ་ལྟོས་ནས་བཤད་པ་རེད། ཕྱོགས་གཅིག་ནས་སྐུ་ཉིད་ཀྱིས་ བོད་ཆེན་པོ་ཞེས་པའི་ཆེན་པོ་ལ་དགག་ཆ་གནང་གི་ཡོད་ཅིང་ ཕྱོགས་གཞན་ནས་ཆེ་ཆུང་གིས་དོན་ལ་ཁྱད་པར་འགྲོ་གི་མེད་ཅེས་གསུངས་ཡོད། དེ་གཉིས་འགལ་ཟླ་མ་རེད་དམ་ཞེས་བཀའ་འདྲི་ཞུས་པའི་བཀའ་ལན་དུ། བཀའ་བློན་ཁྲི་པ་མཆོག་གིས་འདྲི་བར་ལན་འདེབས་མ་བྱས་གོང་རྡ་རམ་ས་པ་དང་པེ་ཅིང་གཉིས་ལྟ་ཚུལ་མི་མཐུན་པའི་སྐོར་གསལ་བཤད་གནང་བ་དང་ དེ་ནས་བོད་སྐད་དང་རྒྱ་སྐད་ནང་གེ་རེདྲ་དང་གེ་རེ་དྲར་ཞེས་པའི་ཚིག་གཉིས་ལ་ཁྱད་པར་མེད་ཀྱང་དབྱིན་སྐད་ནང་ཚིག་མི་འདྲ་བ་གཉིས་ཡོད། དེར་བརྟེན་གེ་རེདྲ་ཞེས་པ་ཆེ་བསྟོད་ཀྱི་ཚིག་ཡིན་ནའང་ གེ་རེ་དྲར་ཞེས་པའི་ཚིག་བེད་སྤྱོད་གཏོང་སྐབས་གོ་ནོར་ཐེབས་ཉེན་ཡོད། གང་ཡིན་ཟེར་ན་ཚིག་དེའི་གོ་དོན་རྒྱལ་ཁབ་ཀྱི་ས་མཚམས་སམ། སྐད་ཡིག་དང་ལེགས་བྱང་གི་ཁྱབ་ཚད་ལའང་གོ་སྲིད། དེར་བརྟེན་སྐབས་འདིར་ང་ཚོས་དབྱིན་སྐད་དུ་གེ་རེ་དྲར་ཞེས་པའི་ཚབ་ཏུ་གེ་རེདྲ་ཞེས་བེད་སྤྱོད་བཏང་ན་འཚམས་པ་ཡོད། དེ་ནས་དྲི་བ་དངོས་གཞིའི་ཐོག་ཞུ་རྒྱུར། ངས་བོད་ནི་བོད་རང་རེད་ཅེས་གོ་དོན་གང་རེད་ཅེས་ན། རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་གསལ་བར་བོད་ཆེ་ཆུང་གི་དབྱེ་བ་མེད། མི་རིགས་གཅིག་ཡིན་པ་དེ་ཆུང་ངུ་དང་ཆེན་པོ་ཡི་དུམ་བུ་མང་པོར་གཏོང་དགོས་དོན་མེད། གལ་སྲིད་རང་སྐྱོང་ས་ཁུལ་ཚང་མར་འཛིན་སྐྱོང་གཅིག་བཟོས་ན། དེ་རང་སྐྱོང་འཛིན་སྐྱོང་དུ་མའི་ནང་དབང་བསྒྱུར་བྱེད་སྐབས་ལས་འཛིན་སྐྱོང་ས་ཁྱོན་ཆེ་རུ་འགྲོ་བ་གསལ་པོ་རེད། འོན་ཀྱང་དེས་བོད་མི་འམ་བོད་ཆེ་རུ་འགྲོ་བ་མཚོན་གྱི་ནེད། དེར་བརྟེན་ནང་འགལ་གང་ཡང་མེད། ང་ཚོའི་སེམས་འཚབ་ཆེ་ཤོས་བྱེད་གཞི་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་གནད་དོན་འདི་འཛམ་གླིང་ནང་འགྲེལ་བརྗོད་ག་འདྲ་བྱེད་མིན་དེ་རེད། དོན་དངོས་ཐོག་བོད་མི་ཚོས་བོད་རིགས་རང་སྐྱོང་ས་ཁུལ་རྣམས་ལ་འཛིན་སྐྱོང་གཅིག་ཡོང་བའི་རེ་བ་བཏོན་གྱི་ཡོད། འོན་ཀྱང་དེར་བོད་ཆེན་པོ་རྩོད་ཀྱི་འདུག་ཅེས་འུར་སྒྲ་བསྒྲགས་སྟངས་ལ་བལྟས་ན་ཕལ་ཆེར་ཁ་བྲལ་རྩོད་ཀྱི་ཡོད་པ་ལྟབུ་འམ། ཡང་ན་བོད་རིགས་ས་ཁུལ་གྱི་ས་མཚམས་བསྐྱར་སྒྲིག་དགོས་ཚུལ་བཤད་པ་ལྟར་བཤད་ཀྱི་ཡོད། བརྗོད་བབ་འདི་ནི་ཆེད་དུ་གཉེར་ནས་མི་རྣམས་མགོ་བོ་རྨོངས་སུ་འཇུག་ཐབས་ཤིག་སྣང་ཞེས་བཀའ་ལན་གནང་ཡོད་པ་རེད།