༄༅༎བལ་ཡུལ་གྱི་མའོ་དམར་ཤོག་ཚོགས་པས་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་ཀྱི་ལས་རིམ་བཀག་འགོག་བྱས་ཏེ་ཚོང་འགྲིག་གི་སྲིད་དོན་འཁྲབ་ཀྱི་ཡོད་ལུགས་བལ་ཡུལ་ཀོང་རེ་སི་ཚོགས་པའི་དབུ་ཁྲིད་གིར་ཇ་པཱར་སརྡ་ཀོའེ་རེ་ལ་མཆོག་གིས་གསུངས་གནང་འདུག
བལ་ཡུལ་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཤེར་སྦ་ཧ་རྡུར་རྡེའུ་སྦ་མཆོག་གིས་གསོལ་ཇ་འདེབས་འབུལ་ཞུས་རྗེས་གསར་འགོད་ལྷན་ཚོགས་སུ་བཀའ་གནང་དོན་གཙོ་བོ་ནི་ད་ཡོད་ཀྱི་ཆབ་སྲིད་དཀའ་རྙོག་དང་ཉེན་ཁ་ཆེ་བའི་དུས་འདི་རིང་པོར་མ་ཐོག་པར་ཡོལ་གྱི་ཡོད་པར་གསུངས་གནང་འདུག
བལ་ཡུལ་གཞུང་འཛིན་ཚོགས་པས་གྲོས་ཚོགས་སུ་སྔོན་རྩིས་བཀའ་འཁྲོལ་དང་ལོ་འཁོར་སྲིད་བྱུས་དང་ལས་འཆར་བཅས་གང་ལྟར་འབུལ་ལམ་ཐུབ་པ་བྱ་རྒྱུ་ཡིན་ལུགས་གསུངས་ཡོད་ཅིང་གང་ལྟར་བལ་ཡུལ་གྱི་ད་ཡོད་དཀའ་ངལ་ཚང་མར་གདོང་ལེན་ཐུབ་པ་བྱེད་ཀྱི་རེད་ཅེས་ཁོང་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་འདུག བལ་ཡུལ་ཀོང་རེ་སི་ཚོགས་པའི་ལོ་འཁོར་སྲིད་བྱུས་དང་ལས་འཆར་གཏན་འབེབས་མ་བྱུང་བར་ལོ་འཁོར་རྗེས་མའི་དངུལ་རྩིས་གསལ་བསྒྲགས་གནང་ཐབས་མེད་ལུགས་བལ་ཡུལ་ཀོང་རེ་སི་ཚོགས་པའི་གྲོས་ཚོགས་འགོ་ཁྲིད་རཱམ་ཅན་རྡར་པའོ་ཌེལ་གྱིས་གསུངས་གནང་འདུག བལ་ཡུལ་ཀོང་རེ་སི་སྲིད་དོན་ཚོགས་པའི་དབུ་ཁྲིད་རྒན་གྲས་རྣམས་གསོལ་ཇར་འདུ་འཛོམས་གནང་བ་ནི་དབུ་ཁྲིད་ནང་ཁུལ་མཐུན་བསྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོད་པའི་རྣམ་པ་ཞིག་ཡིན་པར་ཁོང་གིས་འགྲེལ་བརྗོད་གནང་འདུག།
