རྒྱལ་ཚོགས་ལ་འབར་མའི་དམགས་གཙོ་ཚོགས་པས་འབོད་སྐུལ།

འབར་མའི་མཐུན་ཚོགས་ཀྱིས་མཉམ་སྦྲེལ་རྒྱལ་ཚོགས་ནང་དམིགས་བསལ་སྐུ་ཚབ་ཀྱི་རྐུབ་སྟེགས་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད་

༄༅༎ཕྱི་ལོ་༡༩༩༠ལོར་འབར་མའི་ནང་གྲོས་ཚོགས་འོས་བསྡུའི་སྐབས་མང་གཙོ་ཚོགས་པར་རྒྱལ་ཁ་ཐོབ་པའི་ཚོགས་མིའི་མཐུན་ཚོགས་ཀྱིས་མཉམ་སྦྲེལ་རྒྱལ་ཚོགས་ནང་དམིགས་བསལ་སྐུ་ཚབ་ཀྱི་རྐུབ་སྟེགས་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད་

དེ་ཡང་འབར་མའི་གྲོས་ཚོགས་འཐུས་མིའི་ཚོགས་གཞོན་ ཌོ་སན་སན་ ཡིས་དེ་རིང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦ་ཀི་མུན་ལ་སྙན་ཞུ་ཞིག་འབུལ་ལམ་ཞུས་ཡོད་པའི་ནང་ མཉམ་སྦྲེལ་རྒྱལ་ཚོགས་ནང་འབར་མའི་དྲག་པོའི་སྲིད་གཞུང་གི་རྐུབ་སྟེགས་ཚབ་ཏུ་ཁྲིམས་མཐུན་གྱི་མང་གཙོ་ཚོགས་པར་རྐུབ་སྟེགས་དེ་གནང་དགོས་པའི་འབོད་སྐུལ་གནང་ཡོད་ཅིང་ ཡང་ཁོང་གིས་སྙན་ཞུ་དེའི་ནང་མུ་མཐུད་བཀོད་པར་གཞིགས་ན་ ཕྱི་ལོ་༡༩༩༠ལོར་འབར་མའི་ནང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས་མང་གཙོ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་ཀྱང་འབར་མའི་དྲག་པོའི་སྲིད་གཞུང་ནས་འོས་བསྡུ་དེ་དག་རྩིས་མེད་དུ་བཏང་ནས་འབར་མ་དེ་བཞིན་དྲག་པོའི་སྲིད་གཞུང་གིས་དབང་བསྒྱུར་བྱས་ཡོད་པ་རེད་ཅེས་བཀོད་པ་དང་ ཡང་ཁོང་གིས་མུ་མཐུད་གསུངས་ན་ ཨུ་ཐིཡེན་ཨུ་ནི་འབར་མའི་མི་མང་གི་སྐུ་ཚབ་མཚན་ཐོག་དང་དེ་བཞིན་ཁྲིམས་མཐུན་དང་མང་གཙོའི་ལམ་ལུགས་ནས་འོས་འདེམས་གནང་བའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པས་ཁོང་ལ་མཉམ་སྦྲེལ་རྒྱལ་ཚོགས་ནང་འབར་མའི་དམིགས་བསལ་སྐུ་ཚབ་ཀྱི་རྐུབ་སྟེགས་གནང་དགོས་ཀྱི་རེད་ཅེས་ཞུ་ཡིག་དེའི་ནང་འབོད་སྐུལ་གནང་ཡོད་པ་རེད་ མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་ སྦེ་རེན་ཌེན་སྦར་མ་ ཡིས་གསུངས་ན་ གོང་ཞུས་ཚོགས་མིས་ཕུལ་བའི་ཞུ་ཡིག་དེ་བཞིན་ལས་ཁུངས་ཀྱི་དྲུང་ཡིག་བརྒྱུད་ལག་སོན་བྱུང་བས་ང་ཚོས་དེའི་ཐོག་ཉམས་ཞིབ་བྱེད་རྒྱུ་ཡིན་ཞེས་ལན་འདེབས་གནང་ཡོད་པ་རེད། འདི་ཟླའི་ཚེས་༡༦ཉིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་སྐོངས་འཚོགས་གནང་སྐབས་གོང་གསལ་སྙན་ཞུར་རྒྱལ་ཚོགས་ནང་བཀའ་བསྡུར་གནང་སྲིད་པ་རེད་ཅེས་གནས་ཚུལ་འཁོད་འདུག