༄༅༎འབར་མའི་དྲག་པོའི་གཞུང་གིས་ཡུལ་དེའི་ནང་ལོ་ངོ་ཉི་ཤུའི་རྗེས་སུ་ཐོག་མར་གཉེར་རྒྱུའི་འོས་བསྡུར་ཞིབ་བཤེར་བྱེད་མཁན་གྱི་ཚོགས་ཆུང་ཞིག་བསྐོ་བཞག་བྱ་རྒྱུ་ཡིན་པ་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཐོག་གསལ་བསྒྲགས་བྱས་ཡོད་པ་ཕེ་རནསི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་འདུག།
རྒྱལ་སྤྱིའི་སྤྱི་ཚོགས་ནས་འབར་མའི་ནང་འོས་བསྡུ་དེ་དྲང་བདེན་ཞིག་འབྱུང་མིན་ཐད་བློ་གཡེང་ཆེན་པོ་བྱེད་བཞིན་ཡོད་པའི་ཁར་ འབར་མའི་དྲག་པོའི་གཞུང་གིས་འོས་བསྡུ་ཞིབ་བཤེར་བ་ཆེད་འཛུགས་བྱ་རྒྱུའི་གསལ་བསྒྲགས་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བློ་འཚབ་ད་དུང་ཇེ་ཆེར་གཏོང་སྲིད་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
འབར་མའི་ནང་གི་འོས་བསྡུ་མཐའ་མ་དེ་ཕྱི་ལོ་༡༩༩༠ཐམ་པའི་ལོར་གཉེར་ཞིང་མང་གཙོ་ཚོགསཔའི་དབུ་འཁྲིད་ལྕམ་ཨང་སང་སུ་ཅིར་མང་མོས་ཤུགས་ཆེའི་རྒྱལ་ཁ་ཐོབ་ཡོད་ན་ཡང་ དྲག་པོའི་དབང་འཛིན་པ་ཚོས་འོས་བསྡུའི་གྲུབ་འབྲས་ལ་རྩིས་མེད་ཀྱིས་ ལྕམ་ཨང་སང་སུ་ཅི་འདས་པའི་ལོ་བཅུ་བཞིའི་རིང་བཟང་བཙོན་འོག་བཞག་ཡོད་པ་རེད།
འབར་མའི་ཐོག་གི་གནད་དོན་དབྱེ་ཞིབ་པ་ཚོས་ འབར་མའི་རྒྱལ་ཡོངས་འོས་བསྡུ་འདི་ འདི་ལོའི་ཕྱི་ཟླ་བཅུ་པ་དང་བཅུ་གཅིག་གང་རུང་གི་ཐོག་གཉེར་སྲིད་རྒྱུར་ཚོད་དཔག་བྱེད་བཞིན་པ་ལས་གཞུང་ཕྱོགས་ནས་དུས་ཚེས་གཏན་འབེབས་ཀྱི་གསལ་བསྒྲགས་གང་ཡང་བྱས་མེད་པ་རེད།
ལྕམ་ཨང་སང་སུ་ཅིའི་ཐོག་འབར་མའི་དྲག་པོའི་གཞུང་གིས་ནག་ཉེས་གསར་པའི་རིགས་བཀལ་ཡོད་སྟབས་ ཁོང་འོས་བསྡུའི་ནང་ཆ་ཤས་བཞེས་ཐུབ་རྒྱུ་མིན་ཞིང་ ཁོང་གི་དབུ་འཁྲིད་པའི་མང་གཙོ་ཚོགས་པའི་འོས་མི་མང་དག་ཅིག་མཉམ་ཞུགས་ངེས་པར་བྱེད་རྒྱུ་ཡིན་པ་རེད།
དྲག་པོའི་གཞུང་ཕྱོགས་ནས་བསྐོ་བཞག་བྱེད་གཏན་འཁེལ་བའི་འོས་བསྡུའི་ལས་དོན་ལ་བལྟ་རྟོག་བྱེད་མཁན་དེའི་ཚོགས་ཆུང་གི་ནང་ཚོགས་མི་ལྔ་ཡོད་རྒྱུ་དང་ ཁོང་ཚོར་འོས་བསྡུའི་ས་གནས་ཆ་བགོས་བྱ་ཕྱོགས་དང་ འོས་འཕེན་པའི་མིང་གཞུང་ཐོ་འགོད་བྱ་རྒྱུ་ ལྷག་པར་དུ་འོས་བསྡུའི་ནང་ཞུགས་མཁན་གྱི་སྲིད་དོན་ཚོགས་པ་ཚོས་ རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་འཛོལ་མི་སོང་བའི་ལམ་སྟོན་བྱ་རྒྱུ་སོགས་ཀྱི་ལས་འགན་ཡོང་རྒྱུ་ཡིན་པ་གསལ་བཤད་བྱས་ཡོད་པ་རེད།
