འབར་མའི་གཞུང་གིས་སྐུ་ཞབས་ཨོ་སྦ་མ་ལ་འཚམས་འདྲི་ཞུས་པ།

འབར་མའི་དྲག་པོའི་སྲིད་གཞུང་གིས་སྐུ་ཞབས་སྦ་རཀ་ཨོ་སྦ་མ་མཆོག་ཨ་མི་རི་ཀའི་སྲིད་འཛིན་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་འདུག

༄༅༎འབར་མའི་ཉིན་རེའི་གསར་ཤོག་མིཡན་མར་ཨ་ལིན་ཞེས་པས་ཁ་ས་སྤེལ་བའི་གནས་ཚུལ་ལྟར་ན་ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་དམིགས་སྐུ་ཞབས་སྦ་རཀ་ཨོ་སྦ་མ་མཆོག་ཨ་མི་རི་ཀའི་སྲིད་འཛིན་དུ་མང་མོས་རྒྱལ་ཁ་ཆེན་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཡོད་པའི་གནས་འཕྲིན་ཞིག་འབར་མའི་དྲག་པོའི་སྲིད་གཞུང་གི་ཆེས་མཐོའི་འགོ་འཁྲིད་དམག་སྤྱི་ཐན་ཤ་ལྦེ་མཆོག་གིས་ཕུལ་ཡོད་པ་རེད།

འབར་མའི་དྲག་པོའི་གཞུང་གིས་གཞུང་དང་ལྟ་བ་མི་མཐུན་པ་འཛིན་མཁན་རྣམས་འཛིན་བཟུང་བཙོན་འཇུག་བྱེད་པ་དང་ནོ་བེལ་ཞི་བདེའི་དེད་དཔོན་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུ་ཆི་མཆོག་ཀྱང་མུ་མཐུད་བཟང་བཙོན་འོག་ཏུ་འཇོག་མུས་ཡིན་པའི་ཁར་རྒྱལ་ཁབ་ཀྱི་ཆབ་སྲིད་ངོ་བོ་དམངས་གཙོའི་ཕྱོགས་སུ་བཅོས་བསྒྱུར་མ་བཏང་བ་སོགས་ཀྱི་མཁྲེགས་བཟུང་གི་ལངས་ཕྱོགས་འཛིན་པར་བརྟེན་ནས་ཨ་མི་རི་ཀ་ནི་འབར་མའི་གཞུང་གི་སྲིད་བྱུས་ཐོག་སྐྱོན་བརྗོད་ཆེ་ཤོས་བྱེད་མཁན་ཞིག་ཡིན་པ་མ་ཟད་འབར་མའི་གཞུང་གི་ཐོག་ལ་དཔལ་འབྱོར་དང་ཆབ་སྲིད་གཉིས་ཐད་ནས་ཉེས་ཆད་བཀལ་མཁན་གྱི་གཞུང་ཞིག་ཡིན་པ་ཡོངས་གྲགས་རེད། སྐུ་ཞབས་སྦ་རཀ་ཨོ་སྦ་མ་མཆོག་ཨ་མི་རི་ཀའི་སྲིད་འཛིན་དུ་རྒྱལ་ཁ་ཆེན་པོ་ཐོབ་རྗེས་ཨི་རན་གྱི་སྲིད་འཛིན་སོགས་ཨ་མི་རི་ཀའི་མཐུན་ཕྱོགས་དང་དགྲ་བོར་འཛིན་པའི་རྒྱལ་ཁབ་མང་པོའི་དབུ་ཁྲིད་ཚོས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་འཚམས་འཕྲིན་ཕུལ་མཁན་སྣ་ཚོགས་ཐོན་བཞིན་པ་རེད༎