༄༅༎ལོ་ངོ་བཅུ་ཕྲག་གཉིས་རྗེས་ཀྱི་རྒྱལ་ཡོང་འོས་བསྡུའི་ནང་དྲག་པོའི་གཞུང་དང་འགྲན་རྩོད་བྱེད་མཁན་འབར་མའི་ཆབ་སྲིད་ཚོགས་པ་ཁག་གིས་འོས་མི་དེབ་བསྐྱེལ་བྱེད་ཡག་གི་དངུལ་ཧ་ཅང་མཐོ་པོ་སྤྲོད་དགོས་ཀྱི་ཡོད་སྟབས། འོས་བསྡུའི་ས་ཁུལ་ཚང་མ་ནས་འོས་བསྡུའི་འགྲན་བསྡུར་ནང་ཞུགས་རྒྱུའི་འགྲོ་གྲོན་གཏོང་ཐབས་དཀའ་བའི་སྐོར་བརྗོད་འདུག།
རིང་མིན་ཕྱི་ཟླ་༡༡པའི་ཚེས་༧ཉིན་ཚུགས་རྒྱུའི་འབར་མའི་རྒྱལ་ཡོངས་འོས་བསྡུའི་འགྲན་བསྡུར་ནང་བཞུགས་མཁན་འོས་མི་ཚོས་དབུས་འོས་བསྡུ་ལྷན་ཁང་ལ་རེས་གཟའ་ཟླ་བའི་བར་འོས་མིའི་མིང་ཐོ་དེབ་བསྐྱེལ་བྱེད་ཡག་ལ་འབར་མའི་ཤོག་དངུལ་འབུམ་ལྔ་སྤྲོད་དགོས་ཀྱི་ཡོད་པ་དེ་ནི། དངུལ་གྱི་ཁྱོན་འབོར་ཧ་ཅང་མཐོ་པོ་ཡིན་སྐོར་སྐྱོན་བརྗོད་བྱས་འདུག།
འབར་མའི་དྲག་པོའི་གཞུང་གིས་རྒྱལ་ཡོངས་འོས་བསྡུའི་ལམ་ནས་འབར་མའི་ནང་ལོ་ངོ་བཅུ་ཕྲག་ལྔའི་རིང་གི་དྲག་པོའི་དབང་སྒྱུར་དེ་ཞི་བའི་གཞུང་སྲིད་འཛིན་སྐྱོང་ལ་བསྒྱུར་ཐབས་བྱ་རྒྱུའི་རྣམ་འགྱུར་བཏོན་བཞིན་ཡོད་ནའང༌། འཆར་གཞི་དེར་སྐྱོན་བརྗོད་གནང་མཁན་ཚོས་ཐབས་ཤེས་དེ་ནི་བཅོས་མ་ཞིག་ཡིན་པ་ལས། དམག་དོན་དཔོན་རིགས་ཚོས་རང་ཉིད་ཀྱི་དབང་ཆ་དོར་རྒྱུའི་འདོད་པ་རྩ་བ་ནས་མེད་སྐོར་གསུང་གི་ཡོད་པ་རེད།
འབར་མའི་དྲག་པོའི་གཞུང་གིས་ཕྱི་ཟླ་༨པའི་ཚེས་༡༣ཉིན་རྒྱལ་ཡོངས་འོས་བསྡུའི་ཚེས་གྲངས་གསལ་བསྒྲགས་བྱས་ཡོད་པ་དང༌། སྲིད་དོན་ཚོགས་པ་ཚོར་འོས་མི་དེབ་བསྐྱེལ་བྱེད་ཡག་གི་དུས་ཚོད་བདུན་ཕྲག་གཉིས་མ་གཏོགས་སྤྲད་མེད་པའི་ཁར། མིང་ཐོ་དེབ་བསྐྱེལ་བྱེད་ཡག་ལ་གླ་ཡོན་དེ་ཡང་ཆེད་མངགས་མཐོ་པོ་བཟོས་ཡོད་པར་བརྟེན།
ཆབ་སྲིད་ཚོགས་པ་གཅིག་གིས་དྲག་པོའི་གཞུང་ལ་འོས་མིའི་མིང་ཐོ་དེབ་བསྐྱེལ་བྱེད་ཡག་གི་དུས་ཚོད་འགྱངས་དགོས་པ་དང༌། དེབ་བསྐྱེལ་གྱི་གླ་ཡོན་ཉུང་དུ་གཏོང་དགོས་རྒྱུའི་སྙན་ཞུ་ཕུལ་ཡོད་ཀྱང༌། དྲག་པོའི་གཞུང་གིས་རེ་སྐུལ་དེར་ཁས་ལེན་བདག་སྤྲོད་བྱས་མེད་པའི་གནས་ཚུལ་འདུག།
