བལ་ཡུལ་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་དུ་འཚམས་གཟིགས།

2009-06-30

འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་གྱི་བལ་ཡུལ་གྱི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་ཡོད་པ།

༄༅༎འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་གྱི་བལ་ཡུལ་གྱི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་ཏེ་བཙན་བྱོལ་བོད་མི་ཚོར་གདུང་སེམས་མཉམ་སྐྱེས་ཡོད་པ་དང་བལ་ཡུལ་ནང་གནས་སྡོད་བོད་མིའི་བཙན་བྱོལ་བ་ཚོའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུར་རོགས་སྐྱོར་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

དེ་ཡང་ཕ་ཡུལ་ཞེས་པའི་འཕྲིན་གཏོང་དྲ་རྒྱའི་གསར་འགྱུར་ཐོག་ལ་ད་རེས་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་པའི་བལ་ཡུལ་ནས་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་ཚོགས་པ་དེ་ནི་བལ་ཡུལ་གྱི་ནུབ་ཕྱོགས་པོ་ཀ་རཱ་ས་གནས་ནང་རྟེན་གཞི་བྱེད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་ཞིང་ཁོང་ཚོས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་བའི་ལས་དོན་ནང་དངོས་སུ་ཞུགས་པ་དང་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཐོག་མཉམ་ལས་གནང་མཁན་ཞིག་ཡིན་པ་རེད། ཁོང་ཚོས་ད་རེས་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲི་ཕེབས་པ་དེ་ནི་བཙན་བྱོལ་བོད་མི་ཚོའི་གནས་སྟངས་ཤེས་རྟོགས་ཡོང་ཐབས་དང་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་བྱེད་པའི་ལས་དོན་གོམ་པ་དང་པོ་ཡིན་པའི་འགྲེལ་བརྗོད་བྱས་ཡོད་ཅིང་སྐུ་ཚབ་ཚོགས་པ་དེའི་ནང་དུ་ཚོགས་མི་བཅུ་ཡོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་གྱི་རྩོམ་བྲིས་པ་དང་གསར་འགོད་པ།ཆེད་ལས་མཁས་དབང༌།སྤྱི་ཚོགས་ཀྱི་བདེ་དོན་ཐོག་ཕྱག་ལས་གནང་མཁན་སོགས་ལས་གནས་མི་འདྲ་བ་ཡིན་པ་དང་ཁ་ས་སྔ་དྲོ་ཕོ་བྲང་དུ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཏེ་༸གོང་ས་མཆོག་གི་བཀའ་སློབ་གནང་ཡོད་པ་རེད། ད་དུང་བཙན་བྱོལ་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་དྲིལ་བསྒྲགས་བཀའ་བློན་ལྕམ་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་གཙོས་པའི་བོད་གཞུང་གི་འགོ་ཁྲིད་ཁག་ཅིག་དང་མཇལ་འཕྲད་ཞུས་པ་དང་རེས་གཟའ་ཉི་མའི་ཉིན་བཙན་བྱོལ་བོད་མི་དང་ཁོང་ཚོའི་བར་ལ་བོད་ཀྱི་གནད་དོན་ཐོག་གོ་རྟོགས་སྤེལ་བའི་གྲོས་མོལ་ནང་མཉམ་ཞུགས་གནང་བ་མ་ཟད་ཁོང་ཚོའི་ངོས་ནས་བཟོ་སྐྲུན་བྱས་པའི་བལ་ཡུལ་མི་དམངས་ཚོར་བོད་ཀྱི་གནད་དོན་གོ་རྟོགས་སྤེལ་ཐབས་དང་དེ་བཞིན་བལ་ཡུལ་ནང་གི་བོད་མི་བཙན་བྱོལ་བ་ཚོའི་སྐོར་གྱི་དངོས་ཤུས་གློག་བརྙན་གཟིགས་འབུལ་ཞུས་ཡོད་པ་རེད།

ཁ་ས་སྐུ་ཚབ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་འགྲེམས་སྤེལ་བྱས་ཏེ་ང་ཚོས་ད་རེས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཁག་ཅིག་དང་མཇལ་འཕྲད་ཞུས་པ་དེ་ནི་ལོ་རྒྱུས་ཀྱི་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ང་ཚོ་བལ་ཡུལ་དུ་ཕྱིར་ལོག་བྱས་པའི་རྗེས་བལ་ཡུལ་གཞུང་ཐོག་གནོན་ཤུགས་སྤྲོད་རྒྱུ་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་ལ་བལ་ཡུལ་མི་དམངས་ཚོའི་རྒྱབ་སྐྱོར་སྐུལ་སློང་བྱ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།

Comments

You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.




གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org